༢༠༡༢ ཟླ་ ༧ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༡ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་མོན་ཊི་རེལ་ Montreal ཁུལ་དུ་རྟེན་གཞི་བྱས་པའི་འཇམ་དབྱངས་ནང་པའི་ཆོས་ཚོགས་ Manjushri Buddhist Centre ཀྱི་མཁན་ཟུར་སོགས་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད།
ཕྱེད་ཡོལ་ནང་སྲིད་བཀའ་བློན་མཆོག་གིས་ས་གནས་བོད་རིགས་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད། སྐབས་དེར་བཀའ་བློན་མཆོག་གིས་བོད་ནང་རང་ལུས་མེར་སྲེག་སྐོར་དང། ཁེ་ན་ཌར་བོད་མི་ ༡༠༠༠ གནས་སྤོ་བྱ་རྒྱུའི་ལས་གཞི། འདི་ལོ་ཕྱི་ཟླ་ ༩ ནང་འཚུགས་རྒྱུའི་དམིགས་བསལ་ཚོགས་ཆེན། འདི་ལོ་ཕྱི་ཟླ་ ༨ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་བརྩི་སྤྲོད་མཛད་ནས་ལོ་གཅིག་ཧྲིལ་པོ་འཁོར་བ་དང། རྒྱ་གར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་དང་ཕྱི་རྒྱལ་དུ་གནས་སྡོད་བོད་མིའི་ཚོགས་པ་སྒྲིག་འཛུགས་སོགས་ཀྱི་དབར་མཐུན་སྒྲིལ་གོང་མཐོར་བཏང་སྟེ་རྒྱ་གར་དུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཚོགས་དང་དཔལ་འབྱོར་འཛུགས་སྐྲུན་ལས་གཞི་སོགས་ལ་མཐུན་འགྱུར་རོགས་རམ་སྐྲུན་ཐབས་བྱ་རྒྱུའི་བཀའ་ཤག་གི་ལས་གཞི་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།
ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ནང་སྲིད་བཀའ་བློན་མཆོག་དང་ཁུ་བྷེཀ་བོད་རིགས་སྤྱི་མཐུན་ཚོགས་པའི་ Tibetan Cultural Association of Quebec རྒྱུན་ལས་ཚོགས་མི་རྣམས་ཀྱིས་ཁེ་ན་ཌའི་ཕྱི་མི་གནས་སྤོའི་བློན་ཆེན་ཁེ་ཐི་ལིན་ཝེལ་ Kathleen Weil མཆོག་གི་སློབ་སྟོན་པ་ཆབ་སྲིད་མི་སྣ་གཉིས་དང་མཇལ་འཕྲད་གནང་སྟེ་བོད་མི་ ༡༠༠༠ ཁུལ་དེར་གནས་སྤོ་བྱ་རྒྱུའི་ལས་གཞིའི་ཐོག་གསུང་མོལ་ལྷུག་པོ་གནང་ཡོད་པ་མ་ཟད།
ཉིན་གུང་གསོལ་ཚིགས་སྐབས་བོད་མི་གཞིས་སྤོ་བྱ་རྒྱུའི་འབྲེལ་ཡོད་ལས་གཞིའི་ཐོག་གོ་བསྡུར་ལྷུག་པོ་གནང་ཡོད། སྐབས་དེར་ནང་སྲིད་བཀའ་བློན་མཆོག བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དབང་རྒྱལ་ལགས། ཁེ་ན་ཌ་བོད་རིགས་ཚོགས་པའི་འགན་འཛིན་གསར་པ་སྐུ་ཞབས་ཁེ་རོལ་བསམ་གྲུབ་ལགས་ Carole Samdupདང་མ་རི་ཇོ་ཌེ་མེར་ Marijo Demers ལགས་བཅས་མཉམ་ཞུགས་གནང་ཡོད་པ་བཅས།།