༢༠༡༢ ཟླ་ ༧ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན། ཏ་མིལ་ན་ཊུ་ མངའ་སྡེའི་རྒྱལ་ས་ Chennai ཅེ་ན་ཡི་ ཁུལ་གྱི་རྒྱ་མཚོའི་ཉེ་འགྲམ་དུ་ཡོད་པའི་མེས་པོ་དམ་གྷན་རྡིའི་སྐུ་བརྙན་མདུན་སྐོར་བསྐྱོད་མཇུག་བསྡུ་ཞུས་ཡོད་པ་དང་། སྐབས་དེར་ཅེ་ན་ཡི་བོད་རིགས་སློབ་ཕྲུག་ཚོགས་པའི་རྒྱུན་ལས་དང་། རྒྱུན་རིང་ནས་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ ཨ་ཤ་ར་ཌི་ ལགས་ཀྱིས་གཙོས་ཤེས་ཡོན་མི་སྣ་ལྕམ་སྐུ་ Padma ལགས། ཅེ་ན་ཡི་ཁུལ་དུ་སློབ་སྦྱོང་བྱེད་བཞིན་པ་ Hongkong དང་། Poland, Canada རྒྱལ་ཁབ་གསུམ་གྱི་སློབ་མ་རེ་རེ། རྒྱ་གར་རྒྱབ་སྐྱོར་བ་གཞན་ཁག་གཅིག་བཅས་མི་ཚོགས་བཅུ་ཕྲག་བརྒལ་བ་ལྷན་འཛོམས་ཐོག་བདེན་ཚིག་སྨོན་ལམ་འུར་འདོན་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་ཏེ། ཅེ་ན་ཡི་ ཁུལ་གྱི་སྐོར་བསྐྱོད་མཇུག་སྒྲིལ་ཞུས་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༡༩ དགོང་དྲོ་བོད་རིགས་སློབ་ཕྲུག་ཚོགས་པའི་སྐུ་ཚབ་གཉིས་ཀྱི་འགན་འཁུར་འོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན་རྒྱ་གར་ལྷོ་ཕྱོགས་ Karnataka ཀར་ན་ཊ་ཀ་ མངའ་སྡེའི་ནང་རྟེན་གཞི་བྱས་པའི་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཐོན་པ་དང་། ཕྱི་ཚེས་ ༢༠ ཞོགས་པ་བདེན་པའི་མེ་ལྕེ་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འབྱོར་རྒྱུ་དང་དེ་ནས་ཁུལ་དེར་ཉིན་ཤས་རིང་སྐོར་བསྐྱོད་དང་བོད་དོན་ས་རྟགས་བསྡུ་འགོད་སོགས་གནང་རྒྱུ་ཡིན་པ་རེད།
ད་བར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སྐོར་བསྐྱོད་སྐབས་རྒྱ་གར་གྱི་སྲི་ཞུ་བ་ཟུར་པ་རྒན་གྲས་དང་།
དབུས་ཁྲིམས་དཔོན་ཟུར་པ། སྐོར་སྲུང་སྤྱི་ཁྱབ་ཟུར་པ། རྒྱུ་སྩལ་བ། རྩེད་འགྲན་པ། གློག་བརྙན་བཟོ་བསྐྲུན་པ། མཐོ་སློབ་སློབ་དཔོན། ཆོས་ལུགས་མི་སྣ། གསར་འགོད་པ། སློབ་ཕྲུག ལྷག་པར་ཤེས་ཡོན་བསྟི་གནས་ཁག་བཅས་ནས་བོད་དོན་ལས་འགུལ་ལ་ཐུགས་སྣང་དང་། རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་ཞུ་སྙན་སྟེང་མཚན་རྟགས་གནང་བ་བཅས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་ཐོབ་ཡོད་པ་མ་ཟད། Chennai ས་ཁུལ་དང་། དེ་སྔ་སྐོར་བསྐྱོད་ཟིན་པའི་ས་ཁུལ་ Kochi, Coimbatore, Pondicherry, Auroville སོ་སོའི་ནང་གནས་སྡོད་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་བཅས་ནས་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་ཞུ་སྙན་སྟེང་མཚན་རྟགས་བསྡུ་འགོད་གནང་དང་གནང་མུས་ཡིན་པ་མ་ཟད། ད་རེས་ཀྱི་ལས་འགུལ་འདིའི་དགོས་འདུན་དོན་ཚན་གསུམ་ནི།
༡༽ ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།
༢༽ བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།
༣༽ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།