༢༠༡༢ ཟླ་ ༦ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཡོ་སོའི་ (Yeosu) ནང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (World Fellowship of Buddhists conference) ཞེས་པ་དེར་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མི་རྒྱ་མིའི་དགེ་འདུན་པ་དང་ལས་བྱེད་བཅས་ཁྱོན་མི་གྲངས་ ༡༧ ཚོགས་བཅར་དུ་སླེབས་པ་རྣམས་ཕྱི་ཚེས་ ༡༣ རེས་གཟའ་ལྷག་པའི་ཉིན་གློ་བུར་དུ་ལྷན་ཚོགས་ནས་ཕྱིར་འཐེན་བྱས་འདུག དེ་ཡང་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་བརྗོད་དོན་ལྟར་ན། ལྷན་ཚོགས་དེར་བོད་མིའི་སྐུ་ཚབ་གསུམ་ཕེབས་ཡོད་པ་དེས་དབང་གིས་ཡིན་ཚུལ་གསུངས་ཡོད། སྤྱིར་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མི་རྣམས་ཀྱིས་རེས་གཟའ་མིག་དམར་ཉིན་བོད་མིའི་སྐུ་ཚབ་གསུམ་པོ་ལྷན་ཚོགས་ནས་ཕྱིར་འབུད་མ་བྱས་ཚེ། རྒྱ་མིའི་སྐུ་ཚབ་ཚོས་ཚོགས་འདུ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་སྡིགས་ར་བཏང་བར་བརྟེན། གོ་སྒྲིག་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེས་ལྷན་ཚོགས་མུ་མཐུད་ཚོགས་ཆེད་དེ་ལྟར་ཁས་ལེན་བྱས་ཡོད་ཀྱང་། བོད་མིའི་སྐུ་ཚབ་གསུམ་པོ་མུ་མཐུད་ལྷན་ཚོགས་སུ་ལྷན་ཞུགས་གནང་སྟབས་རེས་གཟའ་ལྷག་པའི་ཉིན་རྒྱ་གཞུང་གི་སྐུ་ཚབ་འཐུས་མི་རྣམས་ཀྱིས་ལྷན་ཚོགས་ནས་འཕྱིར་འཐེན་བྱས་ཡོད། ལྷན་ཚོགས་དེ་བཞིན་ཕྱི་ཚེས་ ༡༡ ནས་ ༡༥ བར་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་༸གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཀྱང་ལྷན་ཞུགས་གནང་ཡོད། དེ་བཞིན་ལྷན་ཚོགས་སྐབས་རྒྱལ་ཁབ་ ༣༠ ཙམ་ནས་ནང་པའི་དབུ་ཁྲིད་ ༤༠༠ ཙམ་ལྷན་འཛོམས་གནང་ཡོད། ལྷན་ཚོགས་འདི་བཞིན་ལོ་གཉིས་རེའི་མཚམས་སུ་ཐེངས་རེ་འཚོགས་བཞིན་ཡོད་པ་བཅས།