༢༠༡༢ ཟླ་ ༦ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་རྗེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་མ་ཟད། ད་ཆ་བོད་ནང་དུ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་འོང་ཐད་དམ་བསྒྲགས་བྱས་ཏེ་བོད་དེ་བཞིན་འཛམ་གླིང་ཕྱི་དང་འབྲེལ་བ་གཙང་བཅད་བྱས་པ་དེར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་ཕམ་ཡོད། རྒྱ་ནག་གཞུང་གིས་བོད་ནང་དུ་དུས་ཚོད་ངེས་མེད་ཐོག་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པར་དམ་བསྒྲགས་བྱས་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་མིའི་དྲག་ཆས་ཉེན་རྟོག་དམག་མི་ཧ་ཅང་མང་པོ་འགྲེམས་འཇོག་བྱས་ཡོད། དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་ཝལ་སི་ཊི་ཇོར་ནལ་ (The Wall Street Journal) ཞེས་པའི་གསར་འགྱུར་བརྒྱུད་ལམ་ནང་ཕྱི་ཚེས་ ༧ ཉིན་གནས་ཚུལ་ཐོན་གསལ་ལྟར་ན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ད་ཆ་རྒྱ་མིའི་དྲག་ཆས་ཉེན་རྟོག་དམག་མི་ ༣༠༠༠ འཕར་མ་བཏང་སྟེ་དམག་མིའི་སྡོད་སྒར་སྐྱར་འཛུགས་བྱེད་བཞིན་ཡོད། ལྷ་སའི་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་རྗེས་རྒྱ་ནག་གཞུང་གིས་ལྷ་སའི་ནང་བོད་མི་བརྒྱ་ཕྲག་མང་པོར་དམ་བསྒྲགས་དང་གང་བྱུང་འཛིན་བཟུང་བྱས་པ་དང་། ལྷག་པར་ཨ་མདོ་དང་ཁམས་ནས་ཡོང་བའི་བོད་མི་ཚོར་དམིགས་བསལ་དམ་བསྒྲགས་བྱས་དང་བྱེད་མུས་ཡིན།
རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ (Amnesty International)ཕྱི་ཟླ་ ༦ ཚེས་ ༡ ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་བྱས་པའི་ཁོངས་ནས་མང་པོ་ཞིག་ཚལ་གུང་ཐང་བཙོན་ཁང་དང་དེ་མིན་ལྷ་སའི་བཙོན་ཁང་གཞན་ཁག་ཏུ་བཅུག་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད།། ཉེས་ཡང་ཚོགས་པས་རྒྱ་ནག་གཞུང་གིས་ལྷ་སའི་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་པ་དེས་དཀའ་ངལ་ནམ་ཡང་སེལ་མི་ཐུབ། ཉེ་ལམ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེ་དག་གི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལོ་མང་རིང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་མུ་མཐུད་བྱས་པ་དེར་ཐུག་ཡོད། ཅེས་བསྒྲགས་ཡོད། གཞན་ཡང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་བོད་དེ་འཛམ་གླིང་ཕྱི་ལ་སྒོ་བརྒྱབ་སྟེ་དྲག་པོའི་ཐོག་ནས་བོད་མིའི་མངོན་འདོད་ཀྱི་འབོད་སྒྲར་དམ་བསྒྲགས་བྱས་པ་དེས་བོད་ཀྱི་དཀའ་ངལ་སེལ་མི་ཐུབ། དེར་བརྟེན་རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་གྲོས་མོལ་གྱི་ལམ་ནས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་ཐབས་བྱེད་དགོས། ཞེས་གསུངས་ཡོད་པ་བཅས།།
རྒྱ་གཞུང་གིས་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པར་དམ་བསྒྲགས་བྱས་པ་དེས་བོད་ནང་གི་ཛ་དྲག་གནས་སྟངས་སེལ་རྒྱུར་ཕན་ཐོགས་གང་ཡང་ཡོང་མི་ཐུབ།
གསར་གནས།
འབྲེལ་གནས།