༢༠༡༢ ཟླ་ ༦ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ རེས་གཟའ་ཕུར་བུའི་ཉིན་ཕ་རན་སིའི་གྲོང་ཁྱེར་སི་ཊར་སི་བྷག་ཏུ་ (Strasbourg) ཡུ་རོབ་གྲོས་ཚོགས་ཀྱི་གྲོས་མོལ་བྱ་རྒྱུའི་ཕྱི་འབྲེལ་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཤོས་གྲས་སུ་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པར་བརྟེན། ཐེངས་འདིའི་ལྷན་ཚོགས་སྐབས་ཡུ་རོབ་གྲོས་ཚོགས་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་ཚོགས་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གྲོས་ཆོད་བཞག་པའི་ནང་འཁོད་དོན།
༡༽ འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་རང་ཉིད་ཀྱི་ཐུན་མིན་ངོ་བོ་དང་རིག་གཞུང་སྲུང་སྐྱོབ། དེ་བཞིན་ཆོས་དད་དང་འདུ་འཛོམས་ཀྱི་རང་དབང་བཅས་སྲུང་སྐྱོབ་བྱ་རྒྱུ་ནི་ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱབ་རྟེན་གྱི་ལྟ་གྲུབ་གཙོ་བོ་ཡིན་པ་མ་ཟད། ཕྱི་འབྲེལ་གྱི་ཆབ་སྲིད་ལག་བསྟར་བྱེད་སྐབས་ལྟ་གྲུབ་དེ་དག་རྩ་འཛིན་ཞུ་བཞིན་ཡོད།
༢༽ ཡུ་རོབ་སྤྱི་མཐུན་ཚོགས་པས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༥ ཚེས་ ༢༩ ཉིན་བྷེལ་ཇམ་གྱི་རྒྱལ་ས་བྷུར་སིལ་ Brussels དུ་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་ཐེངས་ ༣༡ སྐབས་བོད་མི་གྲངས་ཉུང་མི་རིགས་རྣམས་ལ་ཐོབ་ཐང་སྤྲོད་དགོས་སྐོར་གླེང་ཡོད།
༣༽ ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་བགྲོ་གླེང་བྱས་པ་དེས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་ཐད་དོན་སྙིང་ལྡན་པའི་གྲུབ་འབྲས་གང་ཡང་བྱུང་མེད།
༤༽ བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྣམ་པས་བོད་རྒྱ་མི་རིགས་གཉིས་སྨན་གྱི་ལངས་ཕྱོགས་བཟུང་སྟེ་བོད་ཀྱི་དཀའ་ངལ་སེལ་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་ཡང་གྲུབ་འབྲས་མ་སོན་པར་ད་ཆ་གྲོས་མོལ་དེ་མུར་ལུས་ཡོད།
༥༽ བོད་ནང་ཕྱི་ལོ་ ༢༠༠༨ ལོར་ཞི་རྒོལ་བྱུང་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཚད་ལས་བརྒལ་བའི་དྲག་གནོན་བྱས་ཡོད་པ་མ་ཟད། དེ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མི་ཚོའི་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང། ཆོས་དད་རང་དབང་སོགས་ལ་ཧ་ཅང་དམ་བསྒྲགས་ཤུགས་ཆེ་བྱེད་འགོ་བཙུགས་ཡོད།
༦༽ བོད་ནང་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་སྐབས་རྐྱེན་འདས་སུ་གྱུར་བའི་བོད་མི་གྲངས་འབོར་ ༢༠༠
བརྒལ་ཟིན་ཡོད་པ་མ་ཟད། འཛིན་བཟུང་བཀག་ཉར་བྱས་པའི་བོད་མིའི་གྲངས་འབོར་ ༤༤༣༤ ཡོད་པ་ནས་ད་ཆ་ ༦༥༠༠ སླེབས་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༠ ལོ་མཇུག་ཙམ་དུ་ཕྱི་ལོ་ ༢༠༠༨ ལོའི་ནང་ཞི་རྒོལ་དང་འབྲེལ་བའི་བོད་མི་ཆབ་སྲིད་བཙོན་པའི་གྲངས་ ༨༣༡ ཡོད་ཁོངས་ནས་ ༣༦༠ ཁྲིམས་ལུགས་ཉེས་འཛུགས་ཀྱིས་བོད་མི་ ༡༢ ཚེ་བཙོན་འོག་གནས་ཡོད།
༧༽ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཆབ་བཙོན་རྣམས་ནས་ནག་ཉེས་ངོས་ལེན་བྱེད་ཆེད་བཙོན་ཁང་ནང་དུ་ལུས་པོར་གློག་རྒྱུག་བཙུགས་པ་དང་བཙོན་ཁང་གི་ཁང་མིག་གཅིག་གི་ནང་དུས་ཡུན་མང་པོའི་རིང་བཀག་ཉར་བྱས་པ། བཀྲེས་སྐོམ་དུ་བཞག་པ། དེ་བཞིན་རྡུང་རྡེག་ཚ་ནན་བཏང་བ་སོགས་ཀྱི་མཚོན་མནར་གཅོད་རིགས་འདྲ་མིན་བཏང་ཡོད།
༨༽ ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཟི་ཁྲོན་ཞིང་ཆེན་གྱི་རྔ་པའི་ས་ཁུལ་དང་དེ་བཞིན་བོད་ཀྱི་ས་ཁུལ་གཞན་ནང་དུ་དགེ་བཙུན་གཙོ་བོར་གྱུར་བའི་བོད་མི་གྲངས་ ༣༨ ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ངོ་རྒོལ་དང། བོད་མི་ཚོར་ཆོས་དད་རང་དབང་དགོས་པ། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད།
༩༽ དགེ་འདུ་པ་བཀྲ་བྷེ་ལགས་དང། འཆི་མེད་དཔལ་ལྡན་ལགས། བསྟན་པ་དར་རྒྱས་ལགས། འཇམ་དབྱངས་དཔལ་ལྡན་ལགས། བློ་བཟང་རྒྱ་མཚོ་ལགས། བསོད་ནམས་རབ་ཡངས་ལགས། ཟླ་བ་ཚེ་རིང་ལགས། སྐལ་བཟང་དབང་ཕྱུག་ལགས། བློ་བཟང་སྐལ་བཟངལགས། བློ་བཟང་དཀོན་མཆོག་ལགས་སོགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྨས་སྐྱོན་ཕོག་པ་རྣམས་གང་དུ་ཡོད་མེད་དང་ཁོང་ཚོའི་གནས་སྟངས་ཇི་ཡིན་ད་ལྟའི་ཆར་ཤེས་རྟོགས་གང་ཡང་མེད།
༡༠༽ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཀག་ཉར་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད།
༡༡༽ བོད་ནང་རྒྱ་ཧན་མི་རིགས་ཕོན་ཆེ་གནས་སྤོ་བྱས་པ་དང་བོད་མི་འབྲོག་པ་རྣམས་འབྲོག་ས་ནས་གཞིས་སྤོས་བྱེད་བཅུག་པའི་སྲིད་བྱུས་ལག་བསྟར་བྱས་ཏེེ་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱི་ཆོས་དང་སྐད་ཡིག དེ་བཞིན་ཐུན་མིན་ངོ་བོ་དང་རིག་གཞུང་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་རྩ་མེད་བཟོ་བཞིན་ཡོད།
༡༢༽ ཡུ་རོབ་གྲོས་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཆེད་དམིགས་བསལ་སྐུ་ཚབ་བསྐོ་གཞག་བྱས་ཏེ་ལས་འགན་གཏན་འབེབས་བྱ་རྒྱུའི་ལས་རིམ་ཐོག་འབད་བརྩོན་བྱེད་བཞིན་ཡོད། ཅེས་སོགས་དོན་ཚན་ ༢༡ ཅན་གྱི་གྲོས་ཆོད་བཞག་ཡོ་པ་བཅས།།
ཡུ་རོབ་གྲོས་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གྲོས་ཆོད་བཞག་པ།
གསར་གནས།
འབྲེལ་གནས།