༢༠༡༢ ཟླ་ ༦ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༢ ཉིན་ཕ་རན་སིའི་གྲོང་ཁྱེར་སི་ཊར་སི་བྷག་ཏུ་(Strasbourg) ཡུ་རོབ་གྲོས་ཚོགས་ཀྱི་གྲོས་མོལ་བྱ་རྒྱུའི་ཕྱི་འབྲེལ་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཤོས་གྲས་སུ་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པར་བརྟེན། ཐེངས་འདིའི་ལྷན་ཚོགས་སྐབས་ཡུ་རོབ་གྲོས་ཚོགས་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་ཚོགས་ཆུང་གི་(EU High Representative for Foreign Affairs and
Security Policy) ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་ཁེ་ཐེ་རིན་ཨ་ཤི་ཊོན་ (Catherine Ashton) མཆོག་གིས་བོད་དོན་ཐོག་གཏམ་བཤད་གནང་དོན།
འཛམ་གླིང་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་ནི་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་སྲིད་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་ཆགས་ཡོད། གནས་སྟངས་དེའི་འོག་ཡུ་རོབ་སྤྱི་མཐུན་ཚོགས་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་བྱ་རྒྱུ་དེ་འབྲེལ་ལམ་གྱི་ཆ་རྐྱེན་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད།
དེར་བརྟེན་ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་དང་འབྲེལ་ལམ་ཐོག་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད།
འདི་ལོའི་ལོ་འགོ་ནས་བོད་ནང་རང་ལུས་མེར་སྲེག་བསྟུད་མར་བཏང་བ་མ་ཟད། རྒྱ་ནག་ཉེན་རྟོག་དམག་མི་དང་ས་གནས་བོད་མི་དབར་གདོང་ཐུག་གིས་འཁྲུག་འཛིང་བྱུང་བ་སོགས་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཡུ་རོབ་སྤྱི་མཐུན་ཚོགས་པར་ཧ་ཅང་སེམས་འཚབ་ཡོད།
ཕྱོགས་མཚུངས་ཉེ་ལམ་ལྷ་སའི་ནང་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་རྗེས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པར་དམ་བསྒྲགས་བཀག་བསྡོམས་བྱེད་བཞིན་པ་དེར་དམིགས་བསལ་སེམས་འཚབ་ཡོད་ཅེས་སོགས་གསུངས་ཡོད་པ་བཅས།།
ཡུ་རོབ་གྲོས་ཚོགས་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་ཚོགས་ཆུང་གི་ཆེས་མཐོའི་སྐུ་ཚབ་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་བོད་དོན་གཏམ་བཤད་གནང་བ།
གསར་གནས།
འབྲེལ་གནས།