༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ ཉིན་འཛམ་གླིང་ཁྲག་སྦྱིན་ཉིན་མོ་དང་སྟབས་བསྟུན་འཛམ་གླིང་ཁྱོན་ཡོངས་ལ་ཟུངས་ཁྲག་སྦྱིན་མཁན་ཚོར་འཛམ་གླིང་གི་དཔའ་བོའི་ཉིན་མོ་ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། གོང་ཚེས་ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་བདེ་རྩ་ཚོགས་པའི་ཁྲག་སྦྱིན་རུ་ཁག་ངོས་ནས་དང་བླང་ཐོག་ཁྲག་སྦྱིན་གནང་མཁན་བོད་རིགས་སེར་སྐྱ་མི་གྲངས་ ༡༠༠ ལྷག་ལ་ལེགས་སོའི་བསྔགས་བརྗོད་དང་རྗེས་སུ་ཡི་རང་གནང་འདུག
དེ་ཡང་མཛད་སྒོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཁྲག་སྦྱིན་ཉིན་མོ་དང་སྟབས་བསྟུན་ཁྲག་སྦྱིན་གནང་མཁན་ཚོར་ངས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་སོགས་ང་ཚོས་ག་དུས་ཡིན་རུང་རོགས་པར་རྩི་བཞིན་ཡོད། དེར་བརྟེན་ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་བོད་མིའི་འཕྲོད་བསྟེན་ཡར་རྒྱས་ཐད་ཕྱག་ལས་གནང་དགོས་ཀྱི་རེད་བསམ་བཞིན་ཡོད། དེ་མཚུངས་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན། ང་ཚོ་འཕྲོད་བསྟེན་ལས་ཁུངས་ནས་ཁྲག་སྦྱིན་ཐོག་ལ་མཐུན་འགྱུར་ཞུ་རྒྱུ་དེ་འདྲ་ཡོད་ན། ང་ཚོས་གང་ཐུབ་ཅི་ཐུབ་ཀྱི་མཐུན་འགྱུར་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་སྟེ་ཁྲག་སྦྱིན་རྣམ་པ་ཚོར་ལེགས་སོའི་མཇལ་དར་གནང་། དེ་བཞིན་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་ཕྱི་ལུགས་སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཀྱང་གསུང་བཤད་གནང་ཡོད་པ་བཅས། །
བཞུགས་སྒར་དུ་རྒྱལ་སྤྱིའི་ཁྲག་སྦྱིན་གྱི་ཉིན་མོ་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།