༢༠༡༢ ཟླ་ ༦ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༣ ཉིན་བྷར་སིལ་གྲོས་ཚོགས་སུ་(National Congress of Brazill) སྐུ་ཞབས་ཝལ་ཊར་ཕེལ་ཌི་མན་(Walter Feldman)མཆོག་གིས་དབུ་ཁྲིད་དེ་གྲོས་ཚོགས་འཐུས་མི་ ༢༡༥ རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་ནས་བྷར་སིལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Brazilian Parliamentary Friends of Tibet) གསར་འཛུགས་ཀྱི་གསལ་བསྒྲགས་སྤེལ་ཡོད། ཚོགས་པ་དེའི་ནང་བྷར་སིལ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཚང་མའི་གྲོས་ཚོགས་འཐུས་མི་ཡོད་པ་རྣམས་ཀྱིས་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཆེད་པེ་ཅིང་གཞུང་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་མཐུད་ཡོང་ཆེད་འབད་བརྩོན་ཞུ་རྒྱུ་ཡིན་འདུག
དེ་ཡང་སྐུ་ཞབས་ཝལ་ཊར་ཕེལ་ཌི་མན་མཆོག་གིས་སྐབས་དེར་གསལ་བཤད་གནང་དོན། འཐབ་རྩོད་འདི་བོད་མི་གཅིག་པུའི་ཆེད་མིན་པར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་འབད་བརྩོན་བྱེད་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སུ་འདྲ་ཞིག་ཡིན་རུང་འབྲེལ་བ་ཆགས་ཡོད། འཐབ་རྩོད་འདི་བརྒྱུད་ནས་འཛམ་གླིང་ནང་འཚེ་བ་མེད་པའི་རིག་གཞུང་གོང་སྤེལ་གྱིས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐབས་བྱེད་དགོས། རིག་གཞུང་ནི་རྒྱལ་ཁབ་ཀྱི་ཆེ་མཐོང་ཡིན་པར་བརྟེན། ངས་བོད་མི་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བྷར་སིལ་ལྟ་བུ་འཛམ་གླིང་ནང་རྒྱལ་ཁབ་གལ་ཆེན་པོ་ཞིག་ཡིན་པའི་ཆ་ནས་བོད་མི་ཚོའི་དཀའ་ངལ་དེར་སྣང་མེད་དུ་འཇོག་ཐབས་མེད། ཅེས་གསུངས་ཡོད། བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་གསར་པ་འདིས་འདི་ལོ་ཕྱི་ཟླ་ ༤ ཚེས་ ༢༧ ནས་ ༢༩ བར་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་བསྟར་དོན་འཁྱོལ་ཡོང་ཆེད་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་ཡང་གནང་ཡོད། ལྷན་ཚོགས་དེའི་སྐབས་སྐུ་ཞབས་ཝལ་ཊར་ཕེལ་ཌི་མན་མཆོག་ཀྱང་ལྷན་བཅར་ཞུས་ཡོད་པ་བཅས།།
བྷར་སིལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་གསལ་བསྒྲགས་སྤེལ་བ།
གསར་གནས།
འབྲེལ་གནས།