༢༠༡༢ ཟླ་ ༦ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ཉི་ཤུ་པའི་འདུ་འཛོམས་རང་དབང་དགོས་པའི་གླེང་སྟེགས་ཐོག་བོད་ནང་འདུ་འཛོམས་ཀྱི་རང་དབང་རྩ་བ་ནས་མེད་པའི་སྐོར་ལྷན་ཚོགས་ནང་སྒྲོགས་སྦྱང་གནང་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། སུད་སིར་འཚོགས་བཞིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་སུད་སིའི་དོན་ཁང་གིས་ལས་བྱེད་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༡ ཉིན་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་ནས་གཏན་འབེབས་གནང་བའི་ཡོངས་ཁྱབ་གསལ་བསྒྲགས་ནང། འགྲོ་བ་མིར་སྐྱེས་པའི་ཉིན་མོ་དེ་ནས་བཟུང་ཚང་མ་འདྲ་མཉམ་ཡིན་པ་མ་ཟད། སྨྲ་བརྗོད་དང་འདུ་འཛོམས་རང་དབང། ཆོས་དད་རང་དབང་བཅས་ལོངས་སུ་སྤྱད་ཆོག་པའི་གཏན་འབེབས་གནང་ཡོད། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་འདུ་འཛོམས་རང་དབང་སོགས་ལ་རྡུང་རྡེག་གཏོང་བཞིན་ཡོད། དཔེར་ན། རྒྱ་ནག་གཞུང་ནས་བོད་མིའི་ཐོག་འཛིན་བཞིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་བོད་མི་རྣམས་འདོད་བློ་མ་ཁེངས་པར་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་འདུ་འཛོམས་དང་སྐད་འབོད་གནང་བའི་གནས་ཚུལ་མང་དག་ཅིག་ཐོན་ཡོད། འདུ་འཛོམས་ཀྱི་སྐད་འབོད་བྱས་པའི་བོད་མིའི་ཁྲོད་ནས་ལྔ་བརྒྱ་བཞི་བཅུ་ལྷག་འཛིན་བཟུང་བྱས་པའི་ཁོངས་ནས་མི་གཉིས་དངོས་སུ་སྲོག་ཐོག་བཏང་བ་མ་ཟད། མི་ལྔ་ལ་ལོ་གཉིས་འཕར་འགྱངས་ཀྱི་སྲོག་ཁྲིམས་དང་མི་བཅུ་གཉིས་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཏང་ཡོད། དེ་འཕྲོས་རྣམས་ལ་ཟླ་བ་དྲུག་སོགས་ཁྲིམས་ཆད་འདྲ་མིན་ཞིག་བཏང་ཡོད། བོད་མི་དེ་དག་ལ་ཁྲིམས་ཆད་ལྗིད་པོ་དེ་འདྲ་གཏོང་དགོས་པའི་ཉེས་པ་རྩ་བ་ནས་མེད། ད་དུང་རྒྱ་ནག་གཞུང་གི་བོད་མིའི་ཐོག་སྡིགས་པ་མིག་བཙུམས་ཀྱིས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་རང་ལུས་མེར་སྲེག་བཏང་ནས་བོད་མི་མང་ལ་རང་དབང་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་མཁན་བོད་མི་གྲངས་བཞི་བཅུ་ལྷག་བྱུང་ཡོད། ཁོང་རྣམ་པའི་མངོན་འདོད་ལ་རྒྱ་ནག་གཞུང་ནས་བསམ་གཞིག་བྱ་རྒྱུ་ལས་ལྡོག་སྟེ་ད་དུང་བོད་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་ཤུགས་སྤེལ་བ་མ་ཟད། སྤྱི་ཚོགས་སྟེང་དུའང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་སོགས་སྤེལ་དང་སྤེལ་མུས་ཡིན་པར་བརྟེན། བོད་ནང་གི་བོད་མིར་སྡུག་བསྔལ་དང་དངངས་སྐྲག་ཤུགས་ཆེའི་འོག་གནས་བཞིན་ཡོད། དེར་བརྟེན་ངས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཁྱེད་རྣམ་པར་ཞུ་རྒྱུར། རྒྱལ་སྤྱིའི་རང་དབང་ལྡན་པའི་སྐུ་ཚབ་གཅིག་བོད་ནང་གི་དངོས་ཡོད་གནས་སྟངས་གང་ཡིན་རྟོག་ཞིབ་གནང་བར་ཆེད་གཏོང་གནང་རྒྱུའི་རེ་འདུན་ཞུ་བཞིན་ཡོད། ཅེས་སོགས་ཀྱི་སྒྲོགས་སྦྱང་གནང་ཡོད་པ་བཅས། །
བོད་ནང་གི་བོད་མི་རྣམས་ལ་འདུ་འཛོམས་ཀྱི་རང་དབང་མེད་པའི་གནས་ཚུལ་གླེང་སློང་གནང་བ།
གསར་གནས།
འབྲེལ་གནས།