༢༠༡༢ ཟླ་ ༦ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་ཕེབས་མཚམས་གསར་འགོད་ལྷན་ཚོགས་ཐོགས་གསུང་བཤད་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༤ ནས་ཟླ་ ༧ ཚེས་ ༡ བར་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཆེ་ཁག་བཞིའི་ནང་ཉིན་བདུན་ལྷག་ཙམ་རིང་གི་འཚམས་གཟིགས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཚོུད་ ༦།༢༠ མེལ་བྷོན་གནམ་ཐང་དུ་ཕེབས་འབྱོར་སྐབས། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་དོན་གྲུབ་ལགས་དང༌། ཕྱག་རོགས་རྒྱུན་ལས་གཞན། བོད་བརྒྱུད་ནང་པའི་ཆོས་ཚོགས་ཁག་གི་དབུ་བླ་དགེ་བཤེས་རྣམ་པ། མི་མང་བཅས་ནས་རང་ལུགས་ལྟར་གྲོ་སོ་ཕྱེ་མར་དང༌། བོད་ཀྱི་རྒྱལ་དར་འཕྱར་ཞིང་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་མགྲོན་ཁང་དུ་གདན་ཞུ་གནང༌། དེ་རྗེས་གསར་ཤོག་དང་བརྙན་འཕྲིན་ཆེ་ཁག་གི་གསར་འགོད་པ་གྲངས་ ༡༣ ཆེད་ཕེབས་ཐོག་གསར་འགོད་ལྷན་ཚོགས་གནང་སྐབས་བཀའ་བློན་ཁྲི་པ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཇི་ཆགས་དང༌། དེའི་འབྱུང་རྐྱེན་སོགས་ཞིབ་ཁྲ་གསལ་བཤད་གནང༌། དེ་བཞིན་རྩ་བའི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་གྱི་གནས་སྟངས་སྲ་བརྟན་ཡར་རྒྱས་གཏོང་རྒྱུར་གལ་ཆེ་ཡིན་ཡང༌། འགྲོ་བ་མིའི་རིན་ཐང་ལ་བརྩི་བཀུར་དང༌། ཆེས་མཐོང༌། སྲུང་སྐྱོབ་གནང་རྒྱུ་སོགས་གལ་འགངས་ཆེ་ཤོས་ཡིན་པ་སོགས་ནན་བཤད་གནང༌། རྒྱ་རིགས་གྲོགས་པོ་དང༌། རྒྱ་རིགས་མཁས་དབང༌། རྩོམ་པ་པོ་བཅས་ལྷན་དུ་མཇལ་མོལ་ཐོག་གོང་བཞིན་བོད་ནང་གི་གནས་སྟངས་གསལ་བཤད་དང༌། བོད་ནང་བོད་མི་ན་གཞོན་ཕོ་མོ་གྲངས་ ༤༡ ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་བ་དང༌། རྒྱ་གཞུང་ནས་བོད་མིའི་བདེ་སྡུག་དང་རེ་འདུན་ཁག་སེལ་ཐབས་བྱེད་རྒྱུ་ལས་ལྡོག་སྟེ་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་པའི་རྐྱེན་གྱིས་གནས་སྟངས་ཛ་དྲག་ཆགས་ཡོད། དེར་བརྟེན་རྒྱ་རིགས་མང་ཚོགས་ནས་བོད་མིའི་དངོས་ཡོད་གནས་སྟངས་ཐོག་དོ་སྣང་གིས་དངོས་ཡོད་གནས་སྟངས་ངོ་སྤྲོད་ཐུབ་ཐབས་གནང་རྒྱུ་གལ་ཆེ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང། དེ་བཞིན་ཚོུད་ ༥ ཙམ་ལ་ས་གནས་བོད་མི་རྣམས་ལ་བཀའ་ཤག་གི་གཞི་རིམ་ལྟ་གྲུབ་ལྟར་ལས་འཆར་སྒྲུབ་ཐབས་སུ་བོད་མི་ཚང་མས་རྒྱབ་སྐྱོར་ངེས་པར་དུ་གནང་དགོས་པ་དང། རང་གི་སྐད་ཡིག་སྲུང་སྐྱོབ་ཆེད་ཕ་མ་ཚོས་ཐུགས་སྣང་གིས་ཕྲུག་གུར་ཟུར་འཁྲིད་སློབ་གྲ་སོགས་ལ་ངེས་པར་གཏོང་དགོས་པ་སོགས་ཀྱི་གསུང་བཤད་གནང་། ཕྱི་ཚེས་ ༢༥ ཉིན་བཀའ་ཁྲི་མཆོག་གིས་སྔ་དྲོ་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་གཙོ་འཛིན་ཟུར་པ་སྐུ་ཞབས་སྦོབ་སྦོ་རོན་མཆོག་དང་ལྷན་མཇལ་འཕྲད་གནང་བ་དང་སྦྲགས། ཁོང་རྣམ་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་ཀྱང་གནང་ཡོད། དེ་རྗེས་མེལ་བྷོན་གཙུག་ལག་སློབ་གཉེར་ཁང་ནང་རྒྱ་ནག་སྐོར་མཁས་དབང་ཁག་གཅིག་ལྷན་ཞུགས་མོལ་ཚོགས་འདུ་གནང་ཡོད་པ་བཅས།།