༢༠༡༢ ཟླ་ ༦ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བོད་རིགས་མཐོ་སློབ་གཞོན་སྐྱེས་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་འཛིན་སྐྱོང་སྐོར་གསུང་བཤད་གནང་འདུག
དེ་ཉིན་ཆུ་ཚོད་ ༡།༡༥ ཐོག་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་ལས་བྱེད་དང་། བོད་ཁྱིམ་འགན་འཛིན་གྱིས་དབུས་དགེ་ལས་དང་ཕྱོགས་མཐའ་ཁག་ནས་བཅར་བའི་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་གསོལ་རས་སྩལ་ཡོད། ངས་གཙོས་མི་མང་ཚང་མས་གསོལ་འདེབས་ཞུས་ཏེ་ཆོས་་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་མཆོག་གི་མུ་མཐུད་མཛད་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཀྱང་ཞལ་བཞེས་མཛད་མེད། དེ་གཞིར་བཞག་སྟེ་དམིགས་བསལ་ཚོགས་ཆེན་ཚོགས་ཏེ་བཅའ་ཁྲིམས་གཏན་འབེབས་ཞུས་ཡོད། ང་རང་ཕྱི་ཟླ་ ༨ པའི་ནང་བཀའ་ཁྲིའི་ལས་འཁུར་གྱི་དམ་འབུལ་ཞུས་ནས་ཕྱི་ཟླ་ ༩ ནང་གྲོས་ཚོགས་ཚོགས་སྐབས་བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་བློན་དྲུག་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐོབ་སྟེ་ད་བར་ཟླ་དགུ་ལྷག་ཙམ་འགྲོ་གི་ཡོད། དེའི་རིང་ཐུགས་ཕན་གསོ་ཆེད་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་རྗེས་མི་མང་ནང་སེམས་འཚབ་ཧ་ཅང་ཆེན་པོ་བྱུང་ཡོད། འོན་ཀྱང་ད་ལྟའི་ཆར་མི་མང་ནང་གང་ལ་གང་ཙམ་གྱིས་ལྷིང་འཇགས་པོ་ཆགས་ཡོད། གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་མི་མང་གི་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གྱིས་ཕྱར་གྲུ་མཉམ་འདེགས་གནང་བར་བརྟེན་ནས་བྱུང་བ་རེད་བསམ་གྱི་ཡོད། རྒྱ་གཞུང་གི་ང་ཚོའི་སྤྱི་ཚོགས་དང་རྩ་དོན་རྩོད་པའི་སྒྲིག་འཛུགས་འདི་ལྷིང་འཇགས་པོ་ཞིག་མ་བྱུང་ན་བསམ་ཏེ་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཆིག་སྒྲིལ་གྱི་རྣམ་པ་དེས་རྒྱ་ནག་ལ་བརྡ་ལན་ཞིག་ཏན་ཏན་ཐེབས་ཡོད། དེ་བཞིན་བོད་ནང་བོད་མི་ཚོས་རང་སྲོག་བློས་གཏོང་གནང་གི་ཡོད། ཁོང་རྣམ་པས་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མིས་ཁོང་རྣམ་པའི་རེ་བ་ཕན་མེད་བཏང་གི་མ་རེད་བསམས་པའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོ་རྡོག་རྩ་ཆིག་སྒྲིལ་སོགས་སྔར་ལྷག་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་བཞིན་བོད་ནང་བོད་རྒྱལ་ཁབ་དང་མི་རིགས་ཆེད་དཀའ་ལས་རྒྱག་མཁན་ཁོང་རྣམ་པ་ང་ཚོ་ནམ་ཡང་བརྗེད་རྒྱུ་མེད། ཕྱོགས་མཚུངས་ཆབ་སྲིད་དང་འཛིན་སྐྱོང་གི་རྩ་དོན། སྒྲིག་འཛུགས་སོགས་ཚགས་ཚུད་བྱུང་ན། ཕུགས་ཀྱི་རྩ་དོན་རྩོད་རྒྱུར་ཕན་རླབས་ཤུགས་ཆེ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་ཕྲུག་ཚོའི་ཆབ་སྲིད་དང་འབྲེལ་བའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས། །