༢༠༡༢ ཟླ་ ༦ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༥ ཉིན་བོད་མདོ་སྨད་མ་ལྷོ་ཁུལ་གཅན་ཚ་རྫོང་ཐོག་ཏུ་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༦།༣༠ ཡས་མས་ཙམ་ལ་མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བ་ནས་ཡིན་པ་རང་ལོ་ ༦༤ སོན་པའི་བོད་མི་རྟ་མགྲིན་ཐར་ལགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༠ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་སྤྱིར་རྒྱལ་གཅེས་པ་ཁོང་གིས་གཙོས་གཞིས་བྱེས་གཉིས་སུ་གནས་པའི་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་སླད་ཉིན་རྒྱབ་ཆུ་ཚོད་ ༤ པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ་ཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཀིརྟི་བྱེས་པ་གྲྭ་ཚང་གི་དགོན་བདག་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད།
དེ་ཡང་བཀའ་བློན་ཁྲི་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་དོན། བོད་ནང་རྒྱ་ནག་གཞུང་གི་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་སྲིད་བྱུས་ལ་བརྟེན་ནས་རང་ལུས་མེར་བསྲེགས་ཀྱིས་གནས་ཚུལ་མུ་མཐུད་འཐོན་བཞིན་འདུག་པས།
ང་ཚོར་ཧ་ཅང་སེམས་འཚབ་ཡོད།ཕྱི་ལོ་ ༢༠༠༩ ནས་ད་བར་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བཞི་བཅུ་བྱུང་ཡོད་པའི་ཁྲོད་ནས་སུམ་ཅུ་སོ་དགུ་བོད་ནང་ཆགས་ཡོད་པའི་ནང་ནས་གཅིག་མ་གཏོགས་སུམ་ཅུ་སོ་བརྒྱད་ལོ་གཅིག་ནང་ནས་བྱུང་ཡོད། དེའི་ནང་ནས་སྐྱ་སེར་གྲངས་སུམ་ཅུ་འདས་གྲོངས་སུ་གྱུར་འདུག ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༥ ཉིན་བོད་མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བ་ནས་ཡིན་པ་རང་ལོ་ ༦༤ སོན་པའི་བོད་མི་རྟ་མགྲིན་ཐར་ལགས་ཀྱིས་གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག རང་ལུས་མེར་སྲེག་བཏང་ནས་དུས་ཡུན་ཐུང་ངུ་ཞིག་ནང་ས་གནས་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག སྐབས་དེར་བོད་མི་སེར་སྐྱ་མི་མང་གིས་རྟ་མགྲིན་ཐར་ལགས་ནང་མིར་རྩིས་སྤྲོད་དགོས་པའི་རེ་འདུན་གྱི་ངོ་རྒོལ་གནང་བར་བརྟེན། ཉིན་གུང་ཙམ་ལ་ཁོང་གི་ནང་མིར་རྩིས་སྤྲོད་བྱས་འདུག
དེ་རྗེས་ས་གནས་དགེ་འདུན་པ་དང་མི་དམངས་སྟོང་ཚོ་མང་པོས་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཁོང་གི་སྐུ་ཕུང་ལ་མཇལ་དར་བསྒྲོན་པ་སོགས་ཀྱི་གནས་ཚུལ་བྱུང་འདུག སྐབས་དེ་དུས་རྒྱ་ནག་གཞུང་ནས་ས་གནས་དེར་དམག་མི་མང་དག་ཅིག་འགྲེམས་འཇོག་གིས་མི་མང་ལ་དམ་བསྒྲགས་ཤུགས་ཆེ་བྱས་པའི་གནས་ཚུལ་ཡང་གོ་ཐོས་བྱུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཞུང་དང་སྲི་ཞུ་བ། གསར་འགོད་པ་རྣམ་པ་ཚོས་བོད་ནང་གི་དངོས་ཡོད་གནས་ཚུལ་གང་ཡིན་ཤེས་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཉེ་ཆར་ཡུ་རོབ་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་བོད་མིར་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཡོད། དེ་བཞིན་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་དོན་ཐོག་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་ཡོད། ལྷག་པར་བྷར་སིལ་ནང་དེ་སྔ་བོད་དོན་རྒྱབ་སྐྱོར་ཚོགས་པ་མེད་ཀྱང་ཉེ་ཆར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད། དེར་བརྟེན་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་ངས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བརྗོད་འདོད་བྱུང་།
སྤྱིར་བཏང་རང་ལུས་མེར་སྲེག་གཏོང་མཁན་རྣམ་པ་དང་། དེ་བཞིན་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་འདས་གྲོངས་སུ་གྱུར་བ། བཙོན་ཁང་ནང་དཀའ་སྡུག་མྱོང་བཞིན་ཡོད་པ་ཙམ་མ་ཟད། དུས་རྒྱུན་དུས་ནས་རྒྱ་གཞུང་གི་དྲག་རྩུབ་འོག་དངས་སྐྲག་ཆེན་པོའི་ཐོག་གནས་ཡོད་པའི་བོད་མི་ཚང་མར་ང་ཚོས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ང་ཚོས་སྨོན་འདོན་བཞིན་པའི་སྐབས་འདིར་ཆོས་རིག་དྲུང་ཆེ་བརྒྱུད་ནས་གནས་ཚུལ་གོ་ཐོས་ལྟར་ན། བོད་ཁམས་སྐྱེ་རྒུ་མདོ་ནས་ཡིན་པའི་བསྟན་འཛིན་མཁས་གྲུབ་རང་ལོ་ ༢༤ ཡིན་པ་ཞིག་དང་། རང་ལོ་ ༢༢ སོན་པ་ངག་དབང་ནོར་འཕེལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཞིག་ཐོན་འདུག དེར་བརྟེན་ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་ནས་སྨོན་ལམ་འདོན་སྐབས་སུ་ཁོང་གཉིས་ཀྱི་མཚན་ཡང་སྙན་སྒྲོན་ཞུ་ན་བསམས་བྱུང་།
ཞེས་གསུང་བཤད་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ ཕུལ་ཡོད་པ་བཅས། །