༢༠༡༢ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢ ཉིན་རྡ་ས་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་དྲང་བདེན་ལ་རྩིས་འཇོག་བྱེད་མི་དགོས་སམ། ཞེས་པའི་མཉམ་འབྲེལ་རྒྱལ་ཚོགས་ལ་དྲི་བ་བཏོན་པའི་དཔེ་དེབ་དབུ་འབྱེད་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས། གསར་འགོད་པ་ཁག་གཅིག་ལྷན་འཛོམས་ཀྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་མཚམས་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་ནས་དཔེ་དེབ་རྩོམ་པ་པོས་དཔེ་དེབ་དེ་བཞིན་རྩོམ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་དོན། འདི་གར་ཕེབས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་རྣམ་པ་ལྷན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས་ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་པ་མ་ཟད། བཙན་དབང་ཐོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་བཅུག་ཡོད། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་རྩིས་མེད་བཏང་བའི་དཔང་རྟགས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་ཡིག་འབྲུ་ཁྲི་བདུན་གྱི་ཞུ་སྙན་ནང་གསལ་པོ་བཀོད་གནང་མཛད་ཡོད། ཐེངས་འདིའི་གསར་དུ་རྩོམ་སྒྲིག་བྱས་པའི་དཔེ་དེབ་ནང་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་རྫུན་སྒྲིག་བྱས་པར་དགག་ལན་གྱི་ཚན་པ་ཞིག་བྲིས་ཡོད། ཕྱོགས་མཚུངས་ང་རང་རིང་མིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཚབ་ཁག་ལ་ཆེད་བཅར་གྱིས་དཔེ་དེབ་འདི་དང་ཞུ་སྙན་ཞིག་ཡོད་པ་འདི་ཕུལ་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་གནང་རོགས་ཞེས་འབོད་སྐུལ་ཞུ་བར་འགྲོ་རྒྱུ་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དྲག་པོའི་སྲིད་བྱུས་བཟུང་བར་བརྟེན་བོད་མི་རྣམས་ཡིད་མ་རང་པར་ཞི་རྒོལ་གྱི་གནས་ཚུལ་འཐོན་བཞིན་ཡོད། དཔེ་དེབ་རྩོམ་པ་པོས་སྤྱི་ཚོགས་དང་དགོན་པའི་གནས་སྟངས་སྤྱི་དང་། ཡང་སྒོས་བཙོན་ཁང་ནང་དཀའ་སྡུག་མང་དག་ཅིག་མྱངས་ཡོད་སྟབས། དཔེ་དེབ་དེ་བཞིན་རང་གི་དངོས་མྱོང་ཐོག་དྲང་བདེན་ངང་བྲིས་ཡོད་པས། དཔེ་དེབ་འདི་ལོ་རྒྱུས་ཀྱི་ཁུངས་བདེན་ཞིག་ཆགས་ཡོད་པར་བརྟེན། རྒྱལ་སྤྱི་དང་ཞིབ་འཇུག་པས་རིན་ཐང་རྩིས་ན་ཐུགས་ཕན་གསོས་ཀྱི་རེད་བསམ་པའི་ཡིད་ཆེས་ཡོད། ད་ཆ་ང་ཚོའི་འཐབ་རྩོད་དེ་མི་རབས་གསུམ་པ་ནས་བཞི་པ་ཙམ་སླེབས་ཀྱི་ཡོད་པས། གྲུབ་འབྲས་ཐོན་ཆེད་འཐབ་རྩོད་ཀྱི་ནུས་པ་མཉམ་སྤུངས་བྱེད་དགོས། དེ་བཞིན་བོད་ནང་རང་ལུས་མེ་སྲེག་གཏོང་མཁན་ཁོང་རྣམ་པས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས། ཞེས་མགྲིན་དབྱངས་གཅིག་གྱུར་ཐོག་ནས་འབོད་སྒྲ་བསྒྲགས་དང་སྒྲོག་མུས་ཡིན་པ་མ་ཟད། དེ་བཞིན་ཁོང་རྣམ་པ་འགའ་ཤས་ཀྱིས་ཞལ་ཆེམས་ཀྱང་བཞག་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་རྩོམ་པ་པོས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་ཀྱི་མཛད་སྒོ་གྲོལ།
སྤྱིར་བཏང་ཆབ་སྲིད་བཙོན་ཟུར་བོད་དོན་འཐབ་རྩོད་པ་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་བོད་དོན་དང་འབྲེལ་བའི་དཔེ་དེབ་བརྒྱད་བཏོན་ཟིན་ཡོད་པ་མ་ཟད། ཐེངས་འདིར་དབྱིན་ཡིག་ཐོག་བཏོན་པའི་དཔེ་དེབ་དེའི་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་རྒྱ་གཞུང་གིས་འཐབ་རྫིང་བཏང་བའི་སྐུ་པར་གྱིས་གཙོས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་འདྲ་པར་དང་ཁོང་རྣམ་པའི་ལོ་རྒྱུས་བཏོན་འདུག དེ་བཞིན་དཔེ་དེབ་འདིའི་བརྗོད་སྙིང་གཙོ་བོ་ནི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་འབོད་གནང་བ་ཞིག་ཡིན་འདུག་པ་བཅས། །
དྲང་བདེན་ལ་རྩིས་འཇོག་བྱེད་མི་དགོས་སམ། ཞེས་མཉམ་འབྲེལ་རྒྱལ་ཚོགས་ལ་དྲི་བ་བཏོན་པའི་དཔེ་དེབ་དབུ་འབྱེད་གནང་བ།
གསར་གནས།
འབྲེལ་གནས།