༢༠༡༢ ཟླ་ ༦ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་གྲོང་ཁྱེར་མི་ལ་ནོའི་ (Milano) ཌལ་ཝར་མེའི་ (Dal Verme Theatre) ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་གཙུག་ལག་སློབ་གྲྭའི་སློབ་ཕྲུག་གྲངས་ ༡༥༠༠ བརྒལ་བར་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་སོགས་གང་གི་ཆ་ནས་འགྲོ་བ་མི་གཅིག་མཚུངས་ཤིག་ཡིན་པ་མ་ཟད། ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད།
ངོས་ཀྱི་ཉམས་མྱོང་ཐོག་ནས་བརྗོད་ན་ངོས་རང་ཆུང་བྱིས་པའི་སྐབས་རྩེད་མོར་སྣང་བ་གཡེང་བའི་དུས་སྐབས་ཀྱི་མི་ཚེ་དེ་སྐྱིད་ཤོས་ཡིན་པའི་ཚོར་སྣང་བྱུང། དེ་རྗེས་ངོས་རང་ལོ་ ༡༦ སྐབས་རང་དབང་བརླགས་པ་མ་ཟད། རང་ལོ་ ༢༤ སྐབས་རྒྱལ་ཁབ་ཤོར་བ་རེད། ངོས་རང་ཕྱི་ལོ་ ༡༩༣༥ ལོར་སྐྱེས་སྐབས་ཉི་ཧོང་དང་རྒྱ་ནག་དབར་དམག་འཁྲུག་འགོ་བཙུགས་འདུག དེ་རྗེས་འཛམ་གླིང་དམག་ཆེན་གཉིས་པ་ལང་པ་དང་རྒྱ་ནག་ལ་ནང་འཁྲུག་ཤོར་བ། ཀོ་རི་ཡ་དང་ཝི་ཏི་ནམ་གྱི་དམག་འཁྲུག་སོགས་བྱུང་ཡོད། ངོས་ཀྱི་མི་ཚེའི་དུས་སྐབས་མང་ཆེ་བའི་ནང་འཛམ་གླིང་ནང་དམག་འཁྲུག་དང་འཚེ་བའི་ཉམས་མྱོང་བྱུང། འོན་ཀྱང་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་དཔྱད་སྐབས་དུས་རབས་ ༢༠ ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡང་མང་པོ་ཞིག་བྱུང་ཡོད། དཔེར་ན། འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ་མི་ཚོའི་བསམ་བློར་རྙོག་གྲ་ཇི་འདྲ་ཞིག་ཡིན་རུང་དེ་དག་དྲག་པོའི་ཐབས་ལམ་ཁོ་ནས་སེལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད། འོན་ཀྱང་དུས་རབས་ ༢༠ མཇུག་ཙམ་དུ་མི་ཚོས་དྲག་པོ་དང་འཚེ་བའི་བྱ་སྤྱོད་ལ་ཡིད་ཐང་ཆད་དེ་སྤྱི་ཚོགས་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུའི་བསམ་བློ་འཁོར་ཡོད། དེར་བརྟེན་ཡུ་རོབ་ནང་དུ་ཆ་བཞག་ན། ལོ་ངོ་བརྒྱ་ཕྲག་རིང་ནས་རྒྱལ་ཁབ་ཕན་ཚུན་དགྲ་བོར་ངོས་འཛིན་བྱས་པ་རྣམས་ད་ཆ་ཕན་ཚུན་ཁྱིམ་མཚེས་ཀྱི་འདུ་ཤེས་འཛིན་ནས་གནས་བཞིན་ཡོད། ཕྱོགས་མཚུངས་ཚན་རིག་པ་མང་པོས་སེམས་ཀྱི་རྣམ་གཞག་སྐོར་ལ་དོ་སྣང་གསར་པ་སྤྲོད་འགོ་བཙུགས་ཡོད་པ་མ་ཟད། ལུས་སེམས་བདེ་སྐྱིད་དང་བསམ་བློའི་དབར་ཧ་ཅང་འབྲེལ་བ་ཡོད་པ་ཤེས་ཡོད། སྤྱིར་དེང་སྐབས་ཕྱི་དངོས་པོའི་དཔལ་འབྱོར་གྱི་མཐུན་རྐྱེན་དེ་དག་ལ་དང་དོད་ཧ་ཅང་བྱེད་བཞིན་ཡོད་ཀྱང་མི་མང་པོ་ཞིག་གིས་ཆོས་ལུགས་ལ་མ་བརྟེན་པར་མིའི་བཟང་སྤྱོད་ཀྱི་རིན་ཐང་དེ་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱས་པའི་ཐོག་དེར་ཧ་ཅང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བར་བཀའ་ལན་སྩལ་ཡོད།
ཕྱི་ཚེས་ ༢༧ ཉིན་དགེ་འཕེལ་གླིང་བོད་ཀྱི་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཁུལ་དེར་༸གོང་ས་མཆོག་གིས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ་རྒྱུ་ཡིན་འདུག་པ་བཅས།།