༢༠༡༢ ཟླ་ ༦ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷི་བྷི་སི་ (BBC) གསར་འགོད་པའི་ཆེད་དོན་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་དོན། ངོས་རང་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་འབྲེལ་ལམ་བཟང་པོ་ཡོད། མག་ཁེ་སི་རིང་ལུགས་ཀྱི་དཔལ་འབྱོར་འདྲ་མཉམ་གྱི་ལྟ་གྲུབ་དེ་བཞིན་ངོས་ཀྱིས་ཐོག་མར་རྒྱ་ནག་ནས་ཤེས་རྟོགས་བྱུང་། འདྲ་མཉམ་དང་གཅིག་མཚུངས་ཀྱི་ལྟ་གྲུབ་དེར་ངོས་རང་ཧ་ཅང་དགའ་པོ་ཡོད། དཔལ་འབྱོར་གྱི་དཀའ་ངལ་ཡོངས་རྫོགས་མི་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་སྟབས། དཀའ་ངལ་དེ་དག་སེལ་རྒྱུའི་ནུས་པ་ཡང་མི་རང་ཉིད་ལ་ཡོད། བོད་ནང་གི་བོད་མི་རྒན་པ་རྣམས་ནས་ཁོང་ཚོ་མ་འཆི་གོང་ངོས་རང་བོད་དུ་ཡོང་ཐུབ་ན་བསམ་པའི་རེ་བ་བྱེད་བཞིན་ཡོད། འོན་ཀྱང་ཆབ་སྲིད་ཀྱི་གོ་རྟོགས་ལྡན་པའི་བོད་མི་མང་པོས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེའི་འོག་ངོས་རང་མུ་མཐུད་རང་དབང་གི་ལུང་པར་བསྡད་ན་ཕན་ཐོགས་ཆེ་བ་ཡོད་པའི་ཡིད་ཆེས་བྱེད་མཁན་ཡང་ཡོད། དེ་བཞིན་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དེ་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། འོན་ཀྱང་གནས་ཚུལ་དེ་ཆབ་སྲིད་དང་འབྲེལ་བའི་རྣོ་ངར་ཅན་གྱི་དོན་རྐྱེན་ཞིག་ཡིན་སྟབས། ད་ཆ་ངོས་རང་ཆབ་སྲིད་ནས་རྒན་ཡོལ་བྱས་ཟིན་སྟབས། གནད་དོན་དེའི་སྐོར་ངོས་ཀྱིས་གང་ཡང་བརྗོད་འདོད་མེད། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་དེ་དག་གི་འབྱུང་རྐྱེན་གང་ཡིན་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་བཀའ་ལན་སྩལ་ཡོད་པ་བཅས། །