༢༠༡༢ ཟླ་ ༦ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་དཔལ་འབྱོར་རིག་པའི་སློབ་གཉེར་ཁང་དུ་ (London School Of Economics) བཟོད་བསྲན་སྐོར་བཀའ་སློབ་སྩལ་དོན། དེ་རིང་འདིར་ཕེབས་པའི་ཆོས་གྲོགས་ཕོ་མོ་རྣམ་པར་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང།
གོ་སྐབས་འདིའི་རིགས་ནམ་བྱུང་སྐབས་ངོས་རང་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པའི་ཁོངས་ནས་མི་གཅིག་ཡིན་བསམ་བཞིན་ཡོད།
ང་ཚོའི་དབར་ཁ་མདོག་དང་སྐྲ་མདོག་མི་འདྲ་བ། དེ་བཞིན་རྣ་ཆེ་ཆུང་མི་འདྲ་བ་སོགས་ཁྱད་པར་ཕྲན་བུ་ཡོད་ཀྱང་གཞི་རྩའི་ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་མི་ཡིན་པ་གཅིག་མཚུངས་ཆགས་ཡོད། སྔ་དྲོ་ཡར་ལངས་པ་དང་སྐྱིད་པོ་བྱུང་ན་བསམ་པ་མ་གཏོགས་རྙོག་གྲ་བྱུང་ན་བསམ་མཁན་སུ་གཅིག་ཀྱང་མེད།
ང་ཚོས་ཕུགས་རྒྱང་རིང་པོར་བསམ་བློ་མ་འཁོར་བར་དོན་མེད་ཀྱིས། རྒྱལ་སྤྱིའི་དཔལ་འབྱོར་དང་ཁོར་ཡུག དེ་བཞིན་དབུལ་ཕྱུག་དབར་གྱི་ཁྱད་པར་ཇེ་ཆེར་འགྲོ་བཞིན་པ་སོགས་དཀའ་ངལ་མང་དག་ཅིག་བཟོ་བཞིན་ཡོད། དཀའ་ངལ་དེ་དག་མིའི་རྣམ་དཔྱོད་ཀྱི་ནུས་པ་དེ་ཚུལ་མཐུན་གྱི་ལམ་ནས་བེད་སྤྱོད་བྱེད་མ་ཐུབ་པར་འཕྲལ་སེལ་གྱི་ཁེ་ཕན་ཁོ་ན་དོན་གཉེར་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན།
ང་ཚོ་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཙམ་ཡོད་པ་རྣམས་ཀྱི་བདེ་དོན་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པ་དེར་བསམ་བློ་བཏང་སྟེ་ལས་ཀ་བྱེད་དགོས། ཁ་ཟས་དང་འཕྲུལ་ཆས་ཡར་རྒྱས་གཏོང་རྒྱུ་ཡིན་ནའང་འདྲ། དེ་བཞིན་སྣུམ་དང་ནུས་པའི་འབྱུང་ཁུངས་ཇི་འདྲ་ཞིག་ཡིན་རུང་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པ་ཆགས་ཡོད། གལ་ཏེ་ང་ཚོས་མི་གཞན་ལ་རང་གི་ཆོས་གྲོགས་ཕོ་མོའི་འདུ་ཤེས་འཛིན་ཐུབ་ན་སོ་སོ་ཡིན་ནའང་བློ་བདེ་པོའི་ངང་འཚོ་གནས་བྱེད་ཐུབ་རྒྱུ་རེད། དེ་ལས་ལྡོག་སྟེ་ཕན་ཚུན་དོགས་པ་དང་ཡིད་ཆེས་མེད་པར་སྡོད་དགོས་བྱུང་ན་དུས་རྟག་ཏུ་བློ་མ་བདེ་བར་གནས་དགོས་པ་ཆགས་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ་ཡོད་པ་བཅས།།