༢༠༡༢ ཟླ་ ༦ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་(Scotland)སེ་ཁོ་ཊ་ལན་ཌེར་མཛད་འཕྲིན་ཆེད་ཆིབས་སྒྱུར་བསྐྱངས་སྐབས་ཡུལ་དེའི་སྲིད་བློན་མཆོག་གིས་མཇལ་འཕྲད་ཞུ་མིན་གྱི་གསལ་ཁ་མེད་སྟབས། མང་གཙོ་གུ་ཡངས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྲིད་བློན་མཆོག་གིས་ངེས་པར་དུ་མཇལ་འཕྲད་ཞུས་དགོས་སྐོར་གསུངས་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༢ ཉིན་སི་ཁོ་ཊ་ལན་ཌེ་ཨི་ཌན་སྦག་ལེག་ཅར་ཚུགས་ནས་ལོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་ཆ་ཤས་ལྟར། ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་འཛམ་གླིང་ཀུན་ལ་སྨན་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞི་སོགས་ཀྱི་ཐོག་བཀའ་སློབ་སྩོལ་ཆེད་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་སྟབས། ཡུལ་དེའི་སྲིད་བློན་མཆོག་གིས་མགོན་པོ་གང་ཉིད་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་མིན་གྱི་གསལ་ཁ་མེད་པར་བརྟེན། སེ་ཁོ་ཊ་ལན་ཌེར་རྟེན་གཞི་བྱས་པའི་མང་གཙོ་གུ་ཡངས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་འགོ་ཁྲིད་སྐུ་ཞབས་ཝི་ལེ་རན་མན་ཡིས་གསུང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རྒྱལ་ཁབ་མང་དག་ཅིག་གི་སྲིད་འཛིན་དང་སྲིད་བློན་རྣམས་ནས་མཇལ་འཕྲད་ཞུས་མྱོང་ཡོད་པའི་གྲགས་ཅན་མི་སྣ་ཞིག་ཡིན་སྟབས། ང་ཚོའི་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་གིས་ཁོང་དང་ངེས་པར་དུ་མཇལ་འཕྲད་ཞུ་དགོས། གལ་ཏེ་མཇལ་འཕྲད་མ་ཞུས་ན། དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལས་རྒྱ་ནག་གཞུང་དང་མཉམ་དུ་ཚོང་ལས་གནད་དོན་དེ་གལ་ཆེ་བར་རྩིས་པ་རེད། ཅེས་གསུངས་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སེ་ཁོ་ཊ་ལན་ཌེའི་སྲིད་བློན་མཆོག་གིས་མཇལ་འཕྲད་ཞུ་དགོས་སྐོར་གསུངས་པ།
གསར་གནས།
འབྲེལ་གནས།