༢༠༡༢ ཟླ་ ༦ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་གྲོང་ཁྱེར་མན་ཆེ་སི་ཊར་ཁུལ་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་དང་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། དེ་ཡང་ཆོས་འབྲེལ་མ་མཛད་གོང་༸གོང་ས་མཆོག་གིས་ཁུལ་དེར་བལ་པོའི་གོར་ཁ་ (Gorkha) དམག་མིའི་རུ་ཁག་གི་དམག་མི་ཁག་གཅིག་ལ་མཇལ་ཁ་སྩོལ་སྐབས། བལ་བོད་གཉིས་དབར་བོད་རྒྱལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་སྐོར་ཐོག་བཀའ་སློབ་སྩལ་བ་མ་ཟད།
རྒྱ་གར་ནཱ་ལེནྜའི་པཎ་གྲུབ་བཅུ་བདུན་གྱི་ཞལ་ཐང་ཞིག་ཀྱང་གསོལ་རས་སྩལ།
དེ་རྗེས་མང་ཚོགས་ཉིས་སྟོང་ལྔ་བརྒྱ་བརྒལ་བར་ཆོས་འབྲེལ་བསྐྱངས་ཆེད་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས། ཚོགས་ཁང་དུ་༸ཞབས་སོར་འཁོད་བསྟུན་མན་ཆེ་སི་ཊར་གྲོང་ཁྱེར་གྱི་ཡི་ཤུའི་བླ་ཆེན་སྐུ་ཞབས་ནི་ཇེལ་མེག་ཀུ་ལོ་ Right Rev Nigel McCulloch མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས།
ཆོས་ཞུ་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་ཞུས། དེ་རྗེས་༸གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་ཡི་ཤུའི་བླ་ཆེན་མཆོག་དང་ལྷན་སྨོན་ལམ་གསུང་འདོན་མཛད། དེ་ནས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མ་མཛད་གོང་སྔོན་འགྲོའི་སྤྱི་བཤད་ཐོག་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། པཱ་ལིའི་སྐད་ཐོག་ཡོད་པའི་གཞུང་གིས་གཙོ་བོ་སོ་ཐར་གྱི་སྡོམ་པ་བསྟན་བྱའི་གཙོ་བོ་ཡིན། ལེགས་སྦྱར་སྐད་ནང་ཡོད་པའི་གཞུང་གིས་གཙོ་བོ་བྱང་སེམས་དང་གསང་སྔགས་ཀྱི་སྡོམ་པ་གཙོ་བོ་བསྟན་ཡོད་ཅེས་བཀའ་སྩལ་བ་མ་ཟད། དེང་སྐབས་བླ་མ་འགའ་ཤས་སྨན་པས་འཆི་ཚར་བར་ངོས་འཛིན་བྱས་པའི་རྗེས་སུའང་ཐུན་ལ་བཞུགས་ཏེ་ཕུང་པོའི་མདངས་མ་ཉམས་པ་མ་ཟད། སྔར་ལས་ཕྲན་བུ་གསོས་པ་ཆགས་རྒྱུའི་གནས་ཚུལ་མང་པོ་བྱུང་ཡོད་པ་ཐུགས་དྲན་གསོ་མཛད་པ་དང་སྦྲགས། གནད་དོན་དེ་དག་ནང་པའི་གཞུང་ནས་གསུངས་པའི་ཤེས་པ་ཕྲ་མོའི་རྣམ་གཞག་དང་འབྲེལ་བ་ཆེན་པོ་ཡོད་སྐོར་བཀའ་སྩལ། དེ་རྗེས་ཆོས་འབྲེལ་དབུ་འཛུགས་མཛད་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན།
༸གོང་ས་མཆོག་གིས་དོན་དམ་གྱི་འགྱུར་བ་ནང་སེམས་ནས་ཡོང་དགོས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། སྐབས་དེར་ཐོག་མར་ས་གནས་བོད་མི་ཚོས་མཉམ་གཞས་གཟིགས་འབུལ་ཞུས་ཏེ་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཧེལ་ཊོན་མུར་རེ་ཕི་ལིབ་སོན་ Hylton Murray-Philipson མཆོག་གིས་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་གནང། དེ་རྗེས་༸གོང་ས་མཆོག་གིས་བཀ་སློབ་སྩལ་དོན། ངོས་རང་ནང་པའི་དགེ་སློང་དཀྱུས་མ་ཞིག་ལས་གང་ཟག་ཁྱད་འཕགས་བ་དེ་འདྲ་གང་ཡང་མིན། འོན་ཀྱང་ལོ་རྒན་པར་བརྟེན་ཉམས་མྱོང་ཕྲན་བུ་ཡོད། དེར་བརྟེན་ཁྱེད་ཚོ་གཞོན་སྐྱེས་ཚོར་ཕན་པའི་སྐད་ཆ་ཕྲན་བུ་ཤོད་རྒྱུ་ཡོང་སྲིད། ང་ཚོའི་དབར་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོང་སྲིད་པ་ལས་གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་རིགས་གཅིག་མཚུངས་ཤིག་ཆགས་ཡོད། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་དཔལའ་འབྱོར་གྱི་དཀའ་ངལ་དེ་དག་འགྲོ་བ་མི་སྤྱི་ལ་ཁྱབ་པ་དེ་དག་སྣང་མེད་དུ་བཞག་ནས་མི་ཕན་ཚུན་དབར་གྱི་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་དེ་དག་གཙོ་བཟུང་བྱས་ཚེ་རྙོག་གྲ་ཡོང་གཞི་ཆགས་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་ཡང་སྩལ་ཡོད།
སྐབས་དེར་རྒྱ་རིགས་བུད་མེད་གཞོན་སྐྱེས་ཤིག་གིས་བོད་ནང་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་དང་བོད་པའི་རིག་གཞུང་རྩ་མེད་འགྲོ་རྒྱུའི་ཉེན་ཁར་སེམས་འཚབ་ཧ་ཅང་ཡོད་སྐོར་ཞུས་པར། ༸གོང་ས་མཆོག་གིས་མི་འགའ་རེས་ཏཱ་ལའི་བླ་མའི་གོ་ས་རྒྱུན་སྐྱོང་བྱ་རྒྱུ་དེ་བོད་ཀྱི་རིག་གཞུང་བདག་གཅེས་བྱ་རྒྱུར་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་དེ་འདྲ་མིན། འབྱུང་འགྱུར་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་མིན་དང་ཡང་སྲིད་ཇི་ལྟར་འཚོལ་མིན་སྐོར་སྔ་ལོ་བཀའ་སྩལ་ཟིན་པ་དང་སྐབས་དེར་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༩ ཙམ་ལ་སོན་སྐབས་བོད་ཀྱི་བླ་ཆེན་རྣམ་པར་གོ་བསྡུར་ཞུ་རྒྱུ་ཡིན་སྐོར་བཀའ་སློབ་སྩལ་ཟིན་པ་བཀའ་ལན་སྩལ། ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་བློ་སྦྱོང་ཚིགས་བརྒྱད་མ་དང་ཆོས་དབྱིངས་བསྟོད་པའི་བཀའ་ཆོས་འབྲེལ་འཕྲོ་སྐྱོང་མཛད་དེ་རྒྱལ་ས་ལོན་ཌོན་དུ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག་པ་བཅས།།