༢༠༡༢ ཟླ་ ༥ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ Nancy Pelosi མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ལྷན་ཚོགས་ཐེངས་དྲུག་པའི་ཐོག་བསྒྲགས་གཏམ་ཞིག་ཕུལ་བའི་ནང་འཁོད་དོན། ལྷན་ཚོགས་དེར་ཕྲན་ལ་མགྲོན་འབོད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ལྷན་ཚོགས་འདི་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མགྲིན་དབྱངས་གཅིག་གྱུར་ཐོག་ནས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་འདོན་རྒྱུའི་ཐབས་ལམ་གལ་ཆེ་ཞིག་ཆགས་ཡོད་པར་བརྟེན། ངས་གོ་སྒྲིག་ཚོགས་ཆུང་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིར་ང་ཚོ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་མདུན་དུ་ལྷན་འཛོམས་བྱེད་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཡིན། ༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་གོ་ལ་ཁྱོན་ཡོངས་སུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་ཞུ་མཁན་ཕུལ་བྱུང་གི་མི་སྣའི་གྲས་ཤིག་ཡིན།
ང་ཚོ་ཚང་མས་འགྲོ་བ་མིའི་རིན་ཐང་ལ་ཡིད་ཆེས་བྱེད་བཞིན་ཡོད་པར་བརྟེན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ནང་རང་དབང་ཆེད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་མཛད་པ་དེར་རྒྱབ་སྐྱོར་ཞུ་རྒྱུ་འཛམ་གླིང་མི་མང་ཚོའི་བཟང་སྤྱོད་ཀྱི་འགན་ཞིག་ཆགས་ཡོད། ཞི་བའི་ཐོག་ནས་འདུ་འཛོམས་བྱ་རྒྱུའི་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་རྒྱུ། ཆོས་དད་རང་དབང། དེ་བཞིན་རང་ཡུལ་དུ་ཞི་བདེ་བག་ཕེབས་ངང་གནས་རྒྱུའི་རང་དབང་སོགས་ཀྱི་རིན་ཐང་དེ་དག་ནི་བོད་དོན་འཐབ་རྩོད་བཞིན་ས་མཚམས་ཀྱིས་རྒྱས་བཅད་བྱས་པ་ཞིག་མིན་པ་མ་ཟད། རྒྱལ་ཁབ་དང་གྲོས་ཚོགས་བྱེ་བྲག་པ་ཞིག་གི་གནད་དོན་ཞིག་ཀྱང་མིན། རིན་ཐང་དེ་དག་སྲུང་སྐྱོབ་ཆེད་ང་ཚོས་ཨ་རིའི་གྲོས་ཚོགས་ནང་ཆིག་སྒྲིལ་ཐོག་ནས་བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གྱི་ལངས་ཕྱོགས་བརྟན་པོ་འཛིན་བཞིན་ཡོད་པར་བརྟེན། ཕྱི་ལོ་ ༢༠༠༧ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་མི་སེར་གྱི་གསེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཨ་རིའི་སྲིད་འཛིན་མཆོག་གིས་འབུལ་ལམ་ཞུས་ཡོད། སྐབས་དེར་ངོས་རང་སྐབས་དེའི་སྲིད་འཛིན་སྐུ་ཞབ་བྷུ་ཤི་མཆོག་ President George Bush དང་ལྷན་མཉམ་ཞུགས་བྱེད་རྒྱུ་བྱུང་བར་དགའ་སྤོབས་ཧ་ཅང་ཐོབ་བྱུང་།
ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊོམ་ལན་ཊོ་སི་དམ་པ་དེས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རིའི་གྲོས་ཚོགས་སུ་གདན་འདྲེན་ཞུས་ཏེ་བོད་ཀྱི་གནད་དོན་སེལ་ཆེད་ཞི་བའི་དོན་མཚན་ལྔའི་གསལ་བསྒྲགས་མཛད་རྒྱུའི་གོ་སྐབས་ཕུལ་ཐུབ་པ་དེར་ང་ཚོས་ཧ་ཅང་དགའ་སྤོབས་ཞུ་བཞིན་ཡོད།
དུས་དེ་ནས་བཟུང་བོད་དོན་ཆེད་གྲོས་ཆོད་འཇོག་རྒྱུ་དང་བོད་མིའི་ཆོད་དད་རང་དབང་དང་ཆབ་སྲིད་རང་དབང་དགོས་པའི་དགོས་འདུན་ལ་ཉན་ཞིབ་བྱ་རྒྱུ་སོགས་ཨ་རིའི་གྲོས་ཚོགས་ཀྱི་དབུ་ཁྲིད་རྣམ་པས་མགྲིན་དབྱངས་གཅིག་རྒྱུར་ཐོག་ནས་རྒྱབ་སྐྱོར་ཞུས་ཡོད། ལོ་བཅུའི་གོང་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་སྲིད་བྱུས་Tibetan Policy Act ཞེས་པའི་གྲོས་ཆོད་ཅིག་གཏན་འབེབས་བྱས་ཏེ་བོད་ནང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དང་བཙན་བྱོལ་བོད་མི་ཚོར་རོགས་རམ་བྱ་རྒྱུ་མ་ཟད། གྲོས་ཆོད་དེ་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱིས་གཞུང་འབྲེལ་ཐོག་ནས་བོད་ཀྱི་གནད་དོན་དེ་ཨ་རིའི་རྒྱལ་ཁབ་ཀྱི་དམིགས་བསལ་གནད་དོན་ཞིག་ཏུ་ངོས་འཛིན་ཞུས་ཡོད། ང་ཚོས་འོས་ཤོག་གི་ཐོབ་ཐང་བེད་སྤྱོད་བཏང་སྟེ་ཡུལ་ཁྲིམས་ལྟར་བོད་དོན་ཆེད་རྒྱབ་སྐྱོར་ཞུས་ཡོད། རྒྱབ་སྐྱོར་དེ་གཞི་རྩར་བཟུང་སྟེ་ལོ་ལྟར་གྲོས་ཚོགས་ནང་གཞུང་འཛིན་གྱི་སྲིད་དོན་ཚོགས་པ་སུ་འདྲ་ཞིག་སླེབས་མིན་ལ་མ་ལྟོས་པར། བོད་མི་སྐྱབས་བཅོལ་བ་རྣམས་ས་མཚམས་ནས་སྟབས་བདེའི་ཐོག་སྐྱབས་བཅོལ་དུ་འབྱོར་ཐུབ་པ་བྱ་རྒྱུ་དང། བོད་མིའི་ཐུན་མིན་རིག་གཞུང་དང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབས། དེ་བཞིན་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་འབྲེལ་བའི་ལས་གཞི་འདྲ་མིན་ཐོག་མཐུན་འགྱུར་ཞུ་རྒྱུ་མ་ཟད། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་ནང་བོད་སྐད་ཀྱི་ལས་རིམ་གསར་འཛུགས་ཞུས་ཡོད།
འབྱུང་རྒྱུར་ཡང་ཨ་རིའི་གྲོས་ཚོགས་ཀྱིས་བོད་མི་ཚོར་སེམས་ཐག་ཉེ་པོའི་ཐོག་ནས་རྡོ་རྗེའི་བྲག་བཞིན་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་རེད། དེང་སྐབས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དེ་ཨ་རི་དང་རྒྱལ་སྤྱིའི་ནང་དེ་སྔ་ལས་གལ་ཆེ་བ་ཆགས་ཡོད། བོད་མི་ཚོས་དཔའ་ངར་ལྡན་པའི་ཐོག་ནས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་ནས་མི་ལོ་ ༥༠ ལྷག་ཕྱིན་ཡོད་ཀྱང་བོད་མིའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་པའི་ཁར། ཉེ་ལམ་ཟླ་བ་འགའ་ཤས་ནང་རྒྱ་ནག་གཞུང་གིས་བོད་ནང་དམག་ཤུགས་ཆེ་རུ་བཏང་བར་བརྟེན་གནས་སྟངས་དེ་བས་ཇེ་སྡུག་ཏུ་ཕྱིན་ཡོད། དེར་བརྟེན་བོད་མི་ཚོས་རང་ལུས་ལ་མེ་སྤར་ཏེ་རང་གི་དཀའ་ངལ་རྣམས་རྒྱལ་སྤྱིའི་ཐོག་འདོན་ཐབས་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་ཕྱིའི་སྲིད་གཞུང་ལ་གནོན་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་སྟེང་བོད་དོན་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད། ང་ཚོ་འདིར་འཁོད་པའི་གྲོས་ཚོགས་དབུ་ཁྲིད་རྣམ་པས་རྒྱ་ནག་གཞུང་གིས་ད་ལྟ་བོད་ནང་འཛིན་བཞིན་པའི་སྲིད་བྱུས་དེ་མུ་མཐུད་གནས་འཇུག་ཐབས་རྩ་བ་ནས་མེད་པ་མ་ཟད། དེར་ཡར་ལན་མ་སྤྲད་ཐབས་མེད་ཆགས་ཡོད། ཅེས་སོགས་འཁོད་ཡོད།།