༢༠༡༢ ཟླ་ ༥ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ཕྱི་ལོ་ ༢༠༡༢ ལོར་འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལ་མཐོ་སློབ་ཁག་ནང་སློབ་འཇུག་ཇི་ལྟར་བྱ་ཕྱོགས་ཐད་རྒྱུས་སྟོན་ཐེངས་བརྒྱད་པ་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༠ ཐོག་སློབ་ཕྲུག་རྣམས་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་ལྷན་འཛོམས་ཐོག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སློབ་མ་རྣམས་ཀྱིས་རང་ཉིད་ཕན་ཚུན་ངོ་སྤྲོད་གནང་། དེ་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་འགོ་འཛུགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་ཆུ་ཚོད་ ༡༠།༤༠ ཐོག་མཆོག་བསྟན་འཛིན་སྨོན་ལམ་ལགས་ཀྱིས་༼དེང་སྐབས་སྤྱི་ཚོགས་ནང་བོད་ཡིག་སྦྱང་ན་ཁེ་ཕན་དང་མདུན་ལམ་གང་ཞིག་ཡོད་མེད།༽ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་ཀྱིས་༼ཚན་རིག་སློབ་སྦྱོང་བྱས་ཏེ་མ་འོངས་པར་ཕན་འབྲས་ཇི་ཡོད།༽ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། ཟུང་དྲུང་ཚེ་རིང་རྟ་མགྲིན་ལགས་ཀྱིས་༼རྩིས་རིག་གི་སློབ་སྦྱོང་དང་དེའི་ཁེ་ཕན།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་༼སྤྱི་ཚོགས་རིག་གནས་ཀྱི་སློབ་སྦྱོང་དེ་འཛམ་གླིང་ནང་འབྲེལ་བ་ཞེས་པའི་༽བརྗོད་གཞིའི་ཐོག་གསུང་བཤད་གནང། དེ་བཞིན་ཆུ་ཚོད་ ༡༡།༣༠ ནས་ ༡༢།༣༠ བར་༼བོད་པའི་སྤྱི་ཚོགས་ནང་དགེ་རྒན་གལ་ཆེ་ཆུང་གང་ཞིག་ཆགས་ཡོད་མེད། གཞན་ཡང་གཞུང་ཞབས་དང་གསར་འགོད་པའི་སློབ་སྦྱོང། གློག་ཀླད་ཤེས་བྱ་དང་ཁྲིམས་ཀྱི་སློབ་སྦྱོང་༽སོགས་བརྗོད་གཞི་ཁག་དྲུག་ཐོག་བརྗོད་གཞི་དང་འབྲེལ་ཡོད་ཤེས་ལྡན་མི་སྣ་ཚོས་ངོ་སྤྲོད་གསུང་བཤད་གནང་ཡོད།
ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་ཤེས་ཡོན་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་སློབ་ཕྲུག་རྣམས་ནས་སློབ་ཡོན་ཞུ་ཕྱོགས་དང་མཐོ་སློབ་ཏུ་འཛུལ་ཞུགས་བྱེད་སྟངས་སྐོར་ལམ་སྟོན་གསུང་བཤད་གནང་རྗེས་མཐོ་སློབ་ཐོན་ཟིན་པའི་སློབ་ཕྲུག་དང་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་ཁག་གཅིག་གིས་དེར་འདུས་སློབ་ཕྲུག་རྣམས་ལ་རང་ཉིད་ཀྱི་ཉམས་མྱོང་རྣམས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
དེ་རྗེས་ཤེས་ཡོན་མདུན་ལམ་སློབ་སྟོན་པའི་ཕྱག་རོགས་བསོད་ནམས་པདྨོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་འདུག
མཐོ་སློབ་ཁག་ནང་སློབ་འཇུག་ཇི་ལྟར་བྱ་ཕྱོགས་ཐད་རྒྱུས་སྟོན་ཐེངས་བརྒྱད་པའི་ནང་བོད་ཁྱིམ་སོགས་སློབ་གྲྭ་ཁག་བཞི་ནས་ཁྱོན་སློབ་ཕྲུག་ ༡༣༠ མཉམ་ཞུགས་གནང་ཡོད་ཁོངས་ནས་བྱང་ཕྱོགས་གཞིས་གྲོང་ ༡༠ ནས་སློབ་ཕྲུག་ ༤༠ ལ་ཤེས་རིག་ལས་ཁུངས་ཀྱིས་ལམ་གྲོན་དང་ཉིན་རེའི་ཟས་དོད་གནང་འདུག་པ་བཅས། །
ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལ་རྒྱུས་སྟོན་ཐེངས་བརྒྱད་པ་གནང་བ།
གསར་གནས།
འབྲེལ་གནས།