༢༠༡༢ ཟླ་ ༥ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་ཐོག་མཐོ་སློབ་ཁག་གི་སློབ་གཉེར་བ་རྣམས་ལ་དེང་གི་ན་གཞོན་དང་མ་འོངས་པའི་འགོ་ཁྲིད་ཅེས་པའི་ཟབ་སྦྱོང་ཐེངས་བཅུ་གཅིག་པ་གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་ཐབ་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༡ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༢༩ ཉིན་ལེགས་གྲུབ་བྱུང་ཡོད། ཟབ་སྦྱོང་མཐའ་མའི་ཉིན་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། འདི་གར་ཕེབས་པའི་སློབ་ཕྲུག་ཁྱེད་རྣམས་ལ་ང་རང་སྒེར་དང་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་རང་སྒེར་ངོས་ནས་ས་ཕྱོགས་གང་དུ་ཕྱིན་ཡང་གཞོན་སྐྱེས་ཚོ་དང་ཐུག་འཕྲད་བྱ་རྒྱུ་དེ་གལ་ཆེན་པོ་རྩི་བཞིན་ཡོད། བོད་ནང་བོད་མི་ ༣༧ ནས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད། རང་ལུས་མེར་སྲེག་གཏོང་མཁན་དེ་དག་ཧ་ལས་པའི་སེམས་ཤུགས་ཆེན་པོ་རེད།
བོད་ནང་བོད་མི་ཚོས་དེ་ལྟ་བུའི་བློས་གཏོང་གནང་སྐབས། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་དམིགས་བསལ་གྱི་ལས་འགན་ཞིག་ཡོད་པ་ཧ་ཅང་གསལ་པོ་རེད། གང་ལ་ཞེ་ན། ང་ཚོ་རང་དབང་ལུང་པའི་ནང་བསྡད་ཡོད། དེ་རིང་འདིར་གཞོན་སྐྱེས་མང་དག་ཅིག་སླེབས་འདུག་པར་བརྟེན། ངས་འབོད་སྐུལ་ཞུ་རྒྱུར། ཁྱེད་རྣམས་རང་དབང་ལུང་པའི་ནང་གནས་ཡོད་སྟབས། རང་དབང་ཐོབ་ཐང་བེད་སྤྱོད་བཏང་སྟེ་རང་སྲོག་བློས་གཏོང་བྱེད་མ་དགོས་པའི་ཐོག་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་གང་ཐུབ་བྱེད་རྒྱུ་གལ་ཆེན་པོ་ཡིན། ཕྱིའི་རྒྱལ་ཁབ་མང་དག་ཅིག་ནང་བོད་མི་སླེབས་ཡོད་ཀྱང་ངས་རྒྱ་གར་གལ་ཆེན་པོ་རྩི་བཞིན་ཡོད། དེ་ལྟར་བརྩིས་དགོས་དོན་ནི་བཙན་བྱོལ་སྤྱི་ཚོགས་ནང་ནས་བོད་པ་མི་འབོར་ཆེ་ཤོས་དང་བོད་མིའི་སྒྲིག་འཛུགས་རྒྱ་གར་དུ་གནས་ཡོད། རྒྱ་གར་ནི་ང་ཚོའི་གནས་ཡུལ་གལ་ཆེན་པོ་ཞིག་ཡིན་པ་ཙམ་མ་ཟད། བོད་པའི་ས་མཚམས་དང་ཁོར་ཡུག བདེ་འཇགས་ཐོག་ནས་འབྲེལ་བ་ཡང་ཆགས་ཡོད། ང་ཚོ་རྒྱ་གར་དུ་སླེབས་ནས་ལོ་ངོ་ལྔ་བཅུ་ལྷག་ཙམ་འགྲོ་གི་ཡོད། རྒྱ་གར་གྱི་སྤྱི་ཚོགས་ནང་ང་ཚོས་བོད་ཀྱི་གནད་དོན་བརྒྱུད་ལམ་གང་ཞིག་ཐོག་ནས་འཐབ་རྩོད་བྱེད་བཞིན་ཡོད་པ་འགྲེལ་བཤད་རྒྱག་དགོས། དེ་བཞིན་བོད་པ་རྒྱ་གར་ནང་སླེབས་ཏེ་སྐྱབས་བཅོལ་གཅིག་པུ་མ་ཡིན་པར་རྒྱ་གར་གྱི་སྤྱི་ཚོགས་ལ་ཡང་ཕན་ཐོགས་བྱུང་ཡོད་པ་ཤེས་པ་བཟོ་དགོས། རྒྱ་གར་སྤྱི་ཚོགས་ལ་འབྲེལ་བ་བྱེད་སའི་བརྒྱུད་ལམ་ཁག་གཅིག་ཆགས་ཀྱི་འདུག དང་པོ། རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི་ཚོར་ང་ཚོ་བོད་པའི་འཐབ་རྩོད་གང་ཞིག་ཡིན་པ་ཤེས་འཇུག་དགོས། གཉིས་པ། རྒྱ་གར་གྱི་ཤེས་ཡོན་ཅན་གྱི་མི་སྣ་དང་འབྲེལ་བ་གནང་སྟེ་བོད་པའི་འཐབ་རྩོད་སྐོར་འགྲེལ་བཤད་རྒྱག་དགོས། གསུམ་པ། རྒྱ་གར་གྱི་གསར་འགྱུར་བརྒྱུད་ཁག་ནས་བོད་པའི་འཐབ་རྩོད་ཐོག་གང་ཞིག་བྲིས་ཡོད་པ་དེར་དོ་སྣང་སྤྲོད་དགོས། བལ་ཡུལ་ལ་ཆ་བཞག་ན། རྒྱ་ནག་གཞུང་གི་ཤུགས་རྐྱེན་འོག་བལ་ཡུལ་ནང་གནས་སྡོད་བོད་མི་ཚོར་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད། སྤྱིར་བཏང་ཨེ་ཤི་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་ཆགས་ཡོད་པར་བརྟེན། རྒྱ་ནག་གིས་བལ་ཡུལ་ལ་གནོན་ཤུགས་སྤྲད་པ་བཞིན་རྒྱ་གར་ལ་སྤྲོད་ཐུབ་ཀྱི་མ་རེད། འོན་ཀྱང་བོད་པར་གནོད་བསྐྱལ་རྒྱུའི་ཐབས་ཤེས་ད་ལྟ་བྱེད་ཀྱི་མེད་ཀྱང་མ་འོངས་པ་ཏན་ཏན་བྱེད་སྲིད་པ་ཞིག་རེད། དེར་བརྟེན་ང་ཚོས་རྒྱ་གར་གྱི་ཡུལ་མི་དང་མཐུན་སྒྲིལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུང་བཤད་གནང་རྗེས་སློབ་ཕྲུག་ཁག་གཅིག་གི་དྲི་བར་ལན་འདེབས་གནང་ཡོད། དེ་ནས་ལས་འཆར་འགན་འཛིན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཟབ་སྦྱོང་མཇུག་སྒྲིལ་གནང་ཡོད་པ་བཅས། །