༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕ་རན་སིའི་སྲིད་འཛིན་གསར་པ་སྐུ་ཞབས་ཕ་རན་ཁོ་ཡེ་སི་ཧོ་ལན་ཌེ་( Francoise Hollande)མཆོག་དང་ཨུ་རུ་སུའི་སྲིད་འཛིན་ཝི་ལ་ཌེ་མིར་པུ་ཏིན་(Vladimir Putin) རྣམ་གཉིས་ལ་སྲིད་འཛིན་གྱི་འོས་ཤོག་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འཕྲིན་ཞིག་ཕུལ་ཡོད། དེ་ཡང་ཨུ་རུ་སུའི་སྲིད་འཛིན་མཆོག་ལ་ཕུལ་བའི་འཚམས་འཕྲིན་ནང་འཁོད་དོན། བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་མང་གི་ཚབ་ཞུས་ཏེ་ངས་སྐུ་ཉིད་མཆོག་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་ཐེངས་གསུམ་པར་བསྐོ་བཞག་གནང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་པ་དེར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང། ང་ཚོས་སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་ཨུ་རུ་སུའི་མི་མང་ཚོར་ཧ་ཅང་ཕན་ཐོགས་ཡོང་རྒྱུའི་རེ་བ་ཞུ་རྒྱུ་དང་།
བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་སྐུ་ཉིད་ཀྱི་སྲིད་གཞུང་དང་ལྷན་སེམས་ཐག་ཉེ་པོའི་ཐོག་ནས་འབྲེལ་ལམ་ཞུ་རྒྱུའི་རེ་བ་འཆང་བཞིན་ཡོད། ཅེས་འཁོད་པ་མ་ཟད། ཕ་རན་སིའི་སྲིད་འཛིན་གསར་པ་མཆོག་ལ་ཕུལ་བའི་འཚམས་འཕྲིན་ནང་འཁོད་དོན། བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་མང་གི་ཚབ་ཞུས་ཏེ་ངས་སྐུ་ཉིད་མཆོག་ཕ་རན་སིའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་ཕ་རན་སིའི་མི་མང་ཚོར་ཕན་ཐོག་ཧ་ཅང་ཡོང་རྒྱུའི་རེ་བ་ཞུ་རྒྱུ་དང་། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་སྐུ་ཉིད་ཀྱི་སྲིད་གཞུང་དང་ལྷན་སེམས་ཐག་ཉེ་པོའི་ཐོག་ནས་འབྲེལ་ལམ་ཞུ་རྒྱུའི་རེ་བ་འཆང་བཞིན་ཡོད། ཅེས་འཁོད་ཡོད། འཚམས་འཕྲིན་ངོ་མ་དབྱིན་ཡིག་ནང་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།།