༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༤ ཉིན་དགུང་གྲངས་ ༤༧ ལ་སོན་པའི་ཨ་མི་རི་ཀའི་རོག་ཅེས་པའི་གླུ་གཞས་གཏོང་མཁན་སྐད་གྲགས་ཆེ་ཤོས་སུ་གྱུར་བ་བོད་དོན་རྒྱབ་སྐྱོར་བ་(Adam Yauch) ཨ་ཌམ་ཡའོཀ་ལགས་རྒྱུན་རིང་ནས་ནད་མནར་དུ་གྱུར་རྐྱེན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་བཟའ་ཟླ་དང་ནང་མིར་སེམས་གསོའི་གསུང་འཕྲིན་སྩལ་བའི་གནས་ཚུལ་ཐོན་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱི་མཚན་ཐོག་ནས་དམ་པ་དེའི་སྐུ་ཟླ་བདེ་ཆེན་ལགས་སུ་གནང་བའི་སེམས་གསོའི་འཚམས་འཕྲིན་དེའི་ནང་འཁོད་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཉིད་ཀྱི་སྐུ་ཟླ་ཨ་ཌམ་ཡོཀ་ལགས་སྐྲན་ནད་ཀྱིས་མནར་ཏེ་འདས་གྲོངས་སུ་གྱུར་བར་ཁྱེད་དང་འདས་པོ་དེའི་ཕ་མ་རྣམས་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་པ་མ་ཟད། ༸གོང་ས་མཆོག་གིས་འདས་པོ་ཁོང་ནི་འགྱུར་མེད་བོད་མིའི་གྲོགས་པོ་ཞིག་ཡིན་པ་བཀའ་ལན་སྩལ་ཡོད་སྐོར་གྱི་གནས་ཚུལ་ཐོན་འདུག
དམ་པ་ཁོང་དང་གྲོགས་པོ་གཞན་གཉིས་བཅས་མི་གསུམ་གྱིས་བཙུགས་པའི་བི་སི་ཌི་བྷོ་ཡ་ཞེས་པའི་རོལ་དབྱངས་ཚོགས་པ་དེར་རྒྱལ་སྤྱིའི་སྟེང་གི་རོལ་དབྱངས་ཀྱི་བྱ་དགའ་ཆེ་ཤོས་གྷར་མི་ཨ་ཝར་ཌི་ཞེས་པ་དེ་ཐེངས་གསུམ་ཐོབ་མྱོང་ཡོད་པ་མ་ཟད། ཁོང་ཚོས་བཟོས་པའི་གླུ་གཞས་འཁོར་ཐག་འཛམ་གླིང་ཁྱོན་ཡོངས་སུ་ས་ཡ་བཞི་བཅུ་ཙམ་ཚོང་འགྲེམས་གནང་ཡོད། དམ་པ་ཁོང་གིས་འགན་ཁུར་གཙོ་བོ་གནང་བའི་ཐོག་ལོ་རབ་དགུ་བཅུ་པའི་ནང་བོད་རང་དབང་། ཞེས་པའི་རོལ་དབྱངས་འདུ་འཛོམས་ཆེ་ཁག་འགའ་ཞིག་གོ་སྒྲིག་གནང་ཡོད་པ་དེ་དག་གིས་བོད་དོན་དྲིལ་བསྒྲགས་ཧ་ཅང་ཆེན་པོ་བྱུང་འདུག་པ་བཅས།།