༢༠༡༢ ཟླ་ ༥ ཚེས་ ༢༢ རེ་ས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་གིས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་མི་མང་གི་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་པ་དང་། གཞིས་བྱེས་བོད་འབངས་ཡོངས་ནས་༧གོང་ས་མཆོག་ལ་ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་དང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོར་མངའ་གསོལ་ཞུས་པ། ཁྱད་པར་ཉེ་ཆར་དབྱིན་ཡུལ་དུ་༧གོང་ས་མཆོག་ལ་སྙན་གྲགས་ཅན་གྱི་ཆོས་ལུགས་ཀྱི་གཟེངས་རྟགས་མཐོ་ཤོས་འབུལ་བཞེས་བྱུང་བ་བཅས་ཀྱི་རྗེས། འཁྲུངས་སྐར་དུས་ཆེན་དང་པོ་དེ་འཁེལ་གྱི་ཡོད་པར་བརྟེན། ཐེ་ཝན་ནང་བོད་མི་དང་ས་གནས་ཡུལ་མི་ཚོས་རྣམ་པ་འདྲ་མིན་གྱི་སྲུང་བརྩི་གཟབ་རྒྱས་ཞུ་གཏན་འཁེལ་ཡོད་པ་གཤམ་གསལ།
༡༽ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཐེ་ཝན་དུ་གནས་སྡོད་བོད་མི་དང་། བོད་མིར་རྒྱབ་སྐྱོར་གནང་མཁན། ཆོས་ཚོགས་ཁག་གི་ཚོགས་གཙོ་སོགས་མཉམ་འཛོམས་གནང་སྟེ་༧རྒྱལ་བའི་ཞབས་བརྟན་གསུང་འདོན་དང་། དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མི་མང་ལ་གསུང་བཤད། དེ་བཞིན་ཐེ་ཝན་གསར་འགོད་པས་ཉེ་ཆར་༧གོང་ས་མཆོག་དང་། བཀའ་བློན་ཁྲི་པ་སོགས་ལ་བཅར་འདྲི་ཞུས་པའི་དུས་ཡུན་ཆུ་ཚོད་གཉིས་ཀྱི་བརྙན་འཕྲིན་ལེ་ཚན་སྟོན་རྒྱུ། དེ་བཞིན་བོད་ལུགས་དང་རྒྱ་ལུགས་སོགས་ཀྱི་གསོལ་ཇ་བཞེས་ཏོག་གྲ་སྒྲིག་ཞུ་རྒྱུ་ཡིན་འདུག
༢༽གཞན་ཡང་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཕྱི་ཟླ་ ༦ ཚེས་ ༣༠ དང་། ཕྱི་ཟླ་ ༧ ཚེས་ ༧།༨ བཅས་ཉིན་སོ་སོར་ཐེ་ཝན་གྱི་ལྷོ་བྱང་དབུས་ཀྱི་གྲོང་ཁྱེར་ཆེ་ཁག་གསུམ་ནང་འཛམ་གླིང་ཞི་བདེ་དང་། ༧གོང་ས་མཆོག་སྐུ་ཚེ་༸ཞབས་པད་བརྟན་པའི་སྨོན་ལམ་རྒྱ་ཆེ་གནང་རྒྱུ་ཡིན་འདུག
༣༽དེ་བཞིན་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་གོ་སྒྲིག་གནང་སྟེ། གོང་གསལ་གྲོང་ཁྱེར་གསུམ་ནང་གི་སྤྱི་སྤྱོད་རླངས་འཁོར་(Bus)ཁྱོན་གྲངས་སུམ་ཅུའི་ཕྱི་ངོས་སུ་༧གོང་ས་མཆོག་གི་སྐུ་དཔར་མཉམ། རྒྱ་ཡིག་དང་དབྱིན་ཡིག་ཐོག་༧གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞེས་པ་དང་། སྨོན་ལམ་འཚོགས་ཡུལ་གྱི་དུས་ཚེས་བཅས་འཁོད་པའི་ཁྱབ་བསྒྲགས་ཕྱི་ཟླ་ལྔ་པའི་ཟླ་དཀྱིལ་ནས་ཟླ་གྲངས་གཉིས་རིང་སྤེལ་རྒྱུ་ཡིན་འདུག
༤༽ ཐེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གི་ཆོས་ཚོགས་ནས་ཕྱི་ཟླ་ ༧ ཚེས་ ༦ ཉིན་མི་གྲངས་ལྔ་སྟོང་ལྷག་ཤོང་བའི་ཐེ་ཝན་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་དུ་ནང་ཆོས་དང་འབྲེལ་བའི་འཁྲབ་སྟོན་གོ་སྒྲིག་ཞུ་རྒྱུ་ཡིན་པ་མ་ཟད། མི་ཚོགས་མང་བའི་ས་ཆ་ཁག་གཉིས་ཀྱི་ཁང་ཆེན་གྱང་ངོས་སུ་བརྙན་འཕྲིན་ནང་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞེས་པའི་གློག་གི་ཁྱབ་བསྒྲགས་ཆེན་པོ་དུས་ཡུན་ཟླ་བ་གཅིག་རིང་སྤེལ་རྒྱུ་ཡིན་པས། ཐེ་ཝན་ཡུལ་མི་དང་རྒྱ་ནག་སྐམ་སའི་ཡུལ་སྐོར་བ་སོགས་མི་མང་པོས་མཇལ་ཐུབ་རྒྱུ་ཡིན་འདུག་པ་བཅས།