༢༠༡༢ ཟླ་ ༥ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧ ཉིན་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝིན་ནེའི་ནང་རྟེན་གཞི་བྱས་པའི་སེན་སི་ཊེ་ཕན་ (St. Stephen’s Cathedral) ཞེས་ཧ་ཅང་སྙན་གྲགས་ཆེ་བའི་ཡི་ཤུའི་མཆོད་ཁང་ནང་གནས་གཟིགས་མཛད་ཡོད། དེ་ཡང་ཐོག་མར་༸གོང་ས་མཆོག་གིས་ཨོ་སི་ཊི་རི་ཡའི་ནང་སྲིད་དྲུང་ཆེ་སྐུ་ཞབས་སེ་བྷེས་ཤེན་ཀུར་ཛི་ (Sebastian Kurz) མཆོག་དང་མཇལ་འཕྲད་མཛད། དེ་རྗེས་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཤོ་ཀོན་བྷོན་ Schönborn མཆོག་དང་མཇལ་འཕྲད་མཛད་སྐབས།
མགོན་པོ་གང་ཉིད་མཆོག་གིས་ཡི་ཤུའི་མཆོད་ཁང་དེར་གནས་གཟིགས་མཛད་རྒྱུའི་ཐུགས་འདུན་ཡོད་སྐོར་བཀའ་སློབ་སྩོལ་སྐབས་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༧༥ ཙམ་ནས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཀྱི་མཛད་འཁུར་དང་འབྲེལ་ནས་ཆོས་ལུགས་གཞན་གྱི་མཆོད་ཁང་སོགས་ལ་གོ་སྐབས་ནང་བྱུང་སྐབས་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་སྐོར་དང། དེ་བཞིན་དེ་སྔོན་ཡི་ཤུའི་མཆོད་ཁང་ལོར་ཌེ་སི་དང་ཕ་ཏི་མ་ (Lourdes and Fatima) བཅས་ཀྱི་ནང་སྨོན་ལམ་གསུང་འདོན་སྐབས་ཤིག་ལ་ཡི་ཤུའི་སྟོན་པ་ཇི་སི་སི་མཆོག་གིས་བསླབ་བྱ་ལས་མི་མང་ས་ཡ་མང་པོར་ཕན་ཐོགས་ཡོང་བ་སོགས་ལ་དགོངས་བཞེས་མཛད་སྐབས་ཐུགས་ལ་མྱོང་བ་ཁྱད་པར་བ་ཞིག་འཁྲུངས་ཡོད་ཚུལ་སོགས་བཀའ་སློབ་སྩལ།
དེ་བཞིན་མཆོད་ཁང་དུ་གནས་གཟིགས་སྐབས་༸གོང་ས་མཆོག་དང་ཆོས་དཔོན་རྣམ་གཉིས་དབར་ཆོས་པའི་མི་ཚེ་དང་འབྲེལ་བའི་གནད་དོན་མང་པོའི་ཐོག་བཀའ་བསྡུར་མཛད། དེ་རྗེས་གསར་འགོད་པ་ཁག་གཅིག་ལ་བཀའ་སློབ་སྩོལ་སྐབས། ༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་ནི་༸གོང་ས་མཆོག་གིས་མཛད་འཁུར་གཙོ་བོ་ཞིག་ཡིན་པ་དང། མགོན་པོ་གང་ཉིད་མཆོག་རྒྱ་གར་དུ་བཙན་བྱོལ་ལ་༸ཞབས་སོར་འཁོད་མཚམས་རྒྱ་གར་ནང་ཆོས་ལུགས་འདྲ་མིན་རྣམས་ཕན་ཚུན་བཟོད་བསྲན་དང་འཆམ་མཐུན་ངང་གནས་ཡོད་པ་དེ་གཟིགས་སྐབས་ཧ་ཅང་ཡིད་དབང་འཕྲོག་ཡོད་པ་དང། བྱང་ཕྱོགས་ཨ་ཡིར་ལེན་ཌིའི་ཡི་ཤུ་རྣམ་དག་ཆོས་ལུགས་དང་ཡི་ཤུའི་གྲུབ་མཐའ་གསར་མའི་རྗེས་འབྲང་པ་ (Catholics and Protestants) ཕན་ཚུན་རྩོད་རྙོག་བྱུང་བ་མ་ཟད།
ཁ་ཆེའི་ཆོས་ལུགས་ཤི་ཡ་དང་སུན་ནིའི་ (Shia and Sunni) དབར་འཁོན་འཛིན་ཧ་ཅང་འཆང་སྟེ་རྩོད་རྙོག་བྱུང་བ་སོགས་ལ་ཐུགས་འཚབ་ཧ་ཅང་མཛད་བཞིན་པ་མ་ཟད། སྟོན་པ་གཅིག་གི་རྗེས་འབྲང་པ་ཕན་ཚུན་འཁྲུག་འཛིང་ཡོང་དགོས་དོན་ཅི་ཡིན་སྙམ་ཏེ་སྐབས་རེ་ཡ་མཚན་ཡང་བསྐྱེད་གནང་མཛད་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ། སྐབས་དེར་ཆོས་དཔོན་མཆོག་གིས་༸གོང་ས་མཆོག་ཨོ་སི་ཊི་རི་ཡའི་ནང་ཆིབས་སྒྱུར་བསྐྱངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ནང་གི་བསམ་པ་བཟང་དུ་བཏང་སྟེ་སྙིང་རྗེ་ལྡན་པ་ཞིག་ཡོང་ཐབས་དགོས་པ་སོགས་གསུང་བཤད་གནང་། དེ་རྗེས་༸གོང་ས་མཆོག་དང་ཆོས་དཔོན་རྣམ་གཉིས་ཀྱིས་གསར་འགོད་པའི་དྲི་བ་ཁག་གཅིག་ལ་བཀའ་ལན་མཛད་རྗེས། རེས་གཟའ་ཉི་མའི་ཡི་ཤུའི་སྨོན་ལམ་འདུ་འཛོམས་སུ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་སྟེ་སྨོན་ལམ་གསུང་འདོན་མཛད་རྗེས་མགོན་པོ་གང་ཉིད་མཆོག་གིས་ཨོ་སི་ཊི་རི་ཡའི་ནང་རྟེན་གཞི་བྱས་པའི་སོག་པོའི་གཞུང་ཚབ་པ་མཆོག་ལ་མཇལ་ཁ་དང་བཀའ་སློབ་སྩལ། དེ་ནས་༸གོང་ས་མཆོག་གིས་བོད་སྐྱོབ་ཐེབས་རྩའི་སྦྱིན་བདག་ཁག་གཅིག་ལ་མཇལ་ཁ་སྩལ་ཏེ་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་ཚོས་བོད་མི་ཚོར་རྒྱབ་སྐྱོར་གནང་བ་བརྒྱུད་ང་ཚོ་དང་སྐྱིད་སྡུག་མཉམ་མྱོང་བྱེད་བཞིན་ཡོད། བོད་ནང་གི་གནས་སྟངས་ངོ་མ་རྒྱལ་སྤྱིའི་སྟེང་བསྐྱལ་ཐུབ་མཁན་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཉུང་ཤས་ཤིག་ཡོད་པ་དེ་དག་ཡིན། ང་ཚོའི་ལུང་པའི་ནང་རང་དབང་མེད། ཅེས་བཀའ་སློབ་སྩལ་རྗེས་ཐེངས་འདིའི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཟིན་རྗེས་ཕྱེད་ཡོལ་༸གོང་ས་མཆོག་རྒྱ་གར་དུ་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས།།