༢༠༡༢ ཟླ་ ༥ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་སྐུ་ཝིག་ཊོ་རི་ཡ་ནུ་ལནྜ་Victoria Nulandམཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། གསར་འགོད་པ་གཅིག་གིས་ཉེ་ལམ་༸གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གཟའ་ཉི་མའི་གསར་ཤོག་ (Sunday Telegraph) ནང་རྒྱ་ནག་གཞུང་གིས་མགོན་པོ་གང་ཉིད་མཆོག་གི་སྐུ་ལ་ཟློ་བའི་ངན་བྱུས་ཤོམ་བཞིན་ཡོད་སྐོར་གསལ་བཤད་མཛད་སྐོར་དང་སྦྲགས། དྲི་བ་ཞིག་བཏང་བར་མགྲིན་ཚབ་པ་མཆོག་གིས་ལན་འདེབས་གནང་དོན། དེའི་སྐོར་གནས་ཚུལ་བྱེ་བྲག་པ་ཞིག་ཕྲན་ལ་འབྱོར་མེད། འོན་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐོག་ཨ་རིའི་གཞུང་གིས་ལངས་ཕྱོགས་ཇི་འདྲ་འཛིན་བཞིན་ཡོད་པ་ཁྱེད་རྣམ་པས་ཤེས་གསལ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་རྩོད་མེད་ཡོངས་གྲགས་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གུས་བཀུར་ཞུ་ས་ཞིག་ཆགས་ཡོད། དེར་བརྟེན་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཆ་དང་ཁོང་གི་ཞེང་ཕྱོགས་དེར་སྲུང་སྐྱོབ་དང་རྒྱབ་སྐྱོར་ཞུ་རྒྱུ་ང་ཚོ་ཚང་མར་འགན་འཁྲི་ཡོད། ཅེས་ལན་འདེབས་གནང་ཡོད་པ་བཅས།།
༸གོང་ས་མཆོག་གི་སྐུའི་སྲུང་ཆར་འགན་ཁུར་ཞུ་རྒྱུ་དེ་ནི་ང་ཚོ་ཚང་མར་འགན་ཡོད་ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུངས་པ།
གསར་གནས།
འབྲེལ་གནས།