༢༠༡༢ ཟླ་ ༥ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་སན་པོལ་(St.Paul’s Cathendral)ཡི་ཤུའི་མཆོད་ཁང་ཆེན་མོའི་ནང་ཇོན་ཊེམ་པེལ་ཊོན་(John Templeton Foundation)ཞེས་པའི་ཕྱི་ལོ་ ༢༠༡༢ གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་མ་ཟད། དབྱིན་ཇིའི་སྲིད་བློན་མཆོག་དང་སྲིད་བློན་སྐུ་གཞོན་རྣམ་གཉིས་མཆོག་མཇལ་འཕྲད་མཛད་ཡོད། ཕྱི་ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་༸གོང་ས་མཆོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཀལ་གེན་ཕ་ཌར་(Klagenfurt)༸ཞབས་སོར་བདེ་བར་འཁོད་དེ་ཕྱི་ཚེས་ ༡༨ ཉིན་མགོན་པོ་གང་ཉིད་མཆོག་གིས་གསེར་གྱི་རྟགས་མ་དང་ཕྱི་ཚེས་ ༢༠ ཉིན་ཨོ་སི་ཊོ་རི་ཡའི་མངའ་སྡེ་(Carinthian)ཁ་རིན་ཐི་ཡ་མེ་སེ་ནས་ཆེ་བསྟོད་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ཡོད། ཕྱི་ཚེས་ ༢༤ ཉིན་བྷེལ་ཇམ་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧུའི་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་(Honorary Citizenship) འབུལ་ལམ་ཞུས་ཡོད། ཕྱི་ཚེས་ ༢༥ སྔ་དྲོ་༸གོང་ས་མཆོག་ཧུའི་ནས་ཨོ་སི་ཊི་རི་ཡར་སླར་ཡང་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ཚེས་ ༢༦ ཉིན་༞ཨོ་སི་ཊོ་རི་ཡའི་སྲིད་བློན་ཝར་ནར་ཕ་མན་མཆོག་དང་མཇལ་འཕྲད་མཛད་པ་དང་ཕྱེད་ཡོལ་ཨོ་སི་ཊོ་རི་ཡའི་རྒྱལ་ས་ཝི་ནར་བོད་ནང་ད་ལྟའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་འདུ་འཛོམས་ཐེངས་གསུམ་པ་གོ་སྒྲིག་ཞུས་པའི་ཐོག་དབུ་བཞུགས་མཛད་ཡོད། མདོར་ན་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༡༤ ནས་ ༢༧ བར་ཐོག་མར་དབྱིན་ཡུལ་དང་། དེ་ནས་ཨི་ཊ་ལི། བྷེལ་ཇམ།
ཨོ་སི་ཊོ་རི་བཅས་ནང་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཏེ་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༠ ཐོག་༸་ལྡི་ལི་ནས་མཁའ་ལམ་བརྒྱུད་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་གནམ་ཐང་ནང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་རྣམ་པ་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག བཀའ་ཁྲི་བློ་བཟང་སེང་གེ་མཆོག བདེ་སྲུང་བཀའ་བློན་མཆོག་བཅས་ཕེབས་བསུར་བཅར་ཡོད་པ་དང་། གནམ་ཐང་ཕྱིར་རྒྱུད་སྟོད་མཁན་བླ་དབུས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་དང་། རྒྱལ་སྒོའི་ཕྱིར་ས་རཱ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་དང་། གོ་པར་པུལ་བོད་ཁྱིམ་སློབ་ཕྲུག་གིས་ཞབས་གཞས་དང་རོལ་ཆའི་རུ་བསྟར་དང་། ནོར་གླིང་ཁུལ་གྱི་མི་མང་དང་ཤེས་རབ་དགའ་ཚལ་སློབ་གླིང་། དགོན་སྡེ་ཁག་གི་དགེ་བཙུན། རྡ་ཤོད་བོད་ཁྱིམ་སློབ་ཕྲུག་གིས་གྲོ་སོ་ཕྱེ་མར་དང་ཕེབས་བསུའི་རུ་བསྟར། གངས་སྐྱིད་ཁུལ་གྱི་ལས་བྱེད་ཡོངས་དང་སྐྱ་སེར་མི་མང་། བོད་མི་དགེ་རྩ་ཚོགས་པའི་མདུན་རྡ་ས་མཉམ་ལས་ཀྱི་རྒྱལ་སྒོ། གཙུག་ལག་ཁང་གི་མདུན་དུ་རྡ་སའི་སེར་སྐྱ་མི་མང་གི་གྲོ་སོ་ཕྱེ་མར་དང་ཕེབས་བསུའི་རུ་བསྟར། ཕོ་བྲང་རྒྱལ་སྒོའི་མདུན་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་དགེ་འདུན་པས་ཕེབས་བསུའི་སེར་སྦྲེངས་དང་། བོད་ཀྱི་ཟློས་གར་ཚོགས་པས་བཀྲིས་ཞོལ་པ། དེ་བཞིན་ཕོ་བྲང་རྒྱལ་སྒོའི་ནང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་ཕོ་བྲང་ནང་ཆིབས་སྒྱུར་བསྐྱངས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསེར་གྱི་གཟེངས་རྟགས་དགྱེས་བཞེས་མཛད་པར་བཀྲིས་རྟེན་འབྲེལ་མཚོན་ཆེད་རྡ་སར་རྟེན་གཞི་བྱས་པའི་ཚོགས་སྐྱིད་མཉམ་སྦྲེལ་ཐུན་མོང་ནས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་མཛད་སྒོ་ཚོགས་ཏེ་གཞས་སྣ་ཁག་གཅིག་ཀྱང་གཟིགས་འབུལ་ཞུས་ཡོད་པ་བཅས། །