༢༠༡༢ ཟླ་ ༥ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨི་ཊ་ལི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པ་གྲུབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༣ ཉིན་ཕྱི་དྲོ་བྷེལ་དུ་༸ཞབས་སོར་འཁོད་སྐབས་ས་གནས་རྫོང་དཔོན་དང་གནད་ཡོད་མི་སྣ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
༉ དེ་ཡང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷེལ་ཇམ་དུ་གནས་སྡོད་བོད་རིགས་མི་མང་ལ་མཇལ་ཁ་དང་བོད་མིའི་འདུ་ཤེས་དང་ངོ་བོ་གཅེས་འཛིན་བྱེད་དགོས་པའི་སྐོར་ལ་བཀའ་སློབ་སྩལ།
དེ་རྗེས་བྷེལ་ཇམ་དུ་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་ཐོབ་སྟེ་ཕྱི་ཚེས་ ༢༤ ཉིན་མགོན་པོ་གང་ཉིད་མཆོག་གིས་ཁུལ་དེར་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་དབུ་འབྱེད་ཀྱི་དར་མཚོན་གཅོད་འབྲེག་མཛད་རྗེས་དགོན་དེའི་ཚོགས་ཁང་ནང་མི་མང་ལ་བྱམས་དང་སྙིང་རྗེའི་སྐོར་ལ་བཀའ་སློབ་སྩལ་གྲུབ་མཚམས་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝེ་ནར་ཆིབས་ཞལ་བསྒྱུར་ཏེ་ཕྱི་ཚེས་ ༢༥ ཉིན་ཁུལ་དེའི་མི་མང་ལ་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བ་ད་ལྟའི་སྤྱི་ཚོགས་ལ་མཁོ་བའི་བཟང་སྤྱོད་དང་འགྲོ་བ་མིའི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་ཨོ་སི་ཊོ་རི་ཡའི་ཝེ་ནར་བོད་ཀྱི་བསྟི་གནས་ཁང་དང། ཝེ་ན་(Vienna University)གཙུག་ལག་སློབ་གྲྭ་ཆེན་མོ་ཟུང་གིས་གོ་སྒྲིག་ཞུས་པའི་སེམས་དང་དངོས་པོ། དོན་དམ་གྱི་དཔེ་གསར་ཞེས་ནང་པའི་ཚན་རིག་དང། ཚན་རིག་སྐོར་གྱི་ཆེད་དོན་བགྲོ་གླེང་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་འདུག་པ་བཅས། །