༢༠༡༢ ཟླ་ ༥ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊཱ་ལིའི་ས་ཁུལ་ཊེ་རེ་ས་ཊི་Trieste ཞེས་པ་དེར་ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་དང་ཚན་རིག་པ་ཁག་གཅིག་དང་ལྷན་བགྲོ་གླེང། དེ་བཞིན་སློབ་ཕྲུག་ལ་བཀའ་སློབ་བཅས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་རྗེས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༤ ཉིན་བྷེལ་ཇམ་དུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་ཕྱི་ཚེས་ ༢༢ ཉིན་༸གོང་ས་མཆོག་གིས་ཨི་ཊཱ་ལིའི་ཊེ་རེས་ཊིའི་ས་ཁུལ་གྱི་གྲོང་ཁྱེར་ཨུ་ཌིན་(Udine)གྱི་པ་ལ་ས་པོཊ་པི་རི་མོ་(Palasport Primo Carnera) ཞེས་པའི་ཚོགས་ཁང་དུ་མི་གྲངས་ ༣༠༠༠ བརྒལ་བར་དྲང་བདེན་དང་ཞི་བདེ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་གནད་དོན་ཐོག་ཆོས་ཀྱི་ཕན་ཐོགས་གང་བསྒྲུབ་ཐུབ། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། དབང་ཤེས་ལས་ཡིད་ཤེས་ལ་བསྟེན་པའི་ཀྱི་བདེ་བ་གལ་ཆེ། ཨ་རི་དང་ཡུ་རོབ། དེ་བཞིན་ཨེ་ཤི་ཡའི་ནང་གི་འབྱོར་ལྡན་མང་པོར་དཔལ་འབྱོར་ཡོད་ཀྱང་ནང་སེམས་ནང་ཞི་བདེ་མེད་པ་དང། གྲོགས་མེད་ཁེར་རྐྱང་དུ་ལུས་པའི་སེམས་ནང་དཀའ་ངལ་འཕྲད་བཞིན་པ་མང་པོ་མཐོང་རྒྱུ་ཡོད། དེར་བརྟེན་དབང་ཤེས་ཀྱི་ཚོར་བར་བསྟེན་པའི་བདེ་བ་གཅིག་པུས་ཡིད་ཤེས་ཀྱི་བདེ་བ་བསྐྲུན་མི་ཐུབ་པ་གསལ་པོ་ཡིན། ང་ཚོའི་ཕི་ལི་སི་ཊེ་ནན་ཆོས་གྲོགས་ལྕམ་སྐུ་མཆོག་གིས་ཁོང་ཚོའི་མི་མང་ཚོས་དཀའ་ངལ་ཧ་ཅང་མྱངས་སྐོར་འགྲེལ་བརྗོད་གནང་ཡོད། ངོས་རང་ཨི་སི་རེལ་ (Israel) ལ་ཐེངས་འགའ་ཤས་བསྐྱོད་སྐབས་ཕི་ལི་སི་ཊེ་ནན་མི་མང་དང་ཐུག་འཕྲད་བྱུང། ཡུལ་གཉིས་ཀྱི་གནད་དོན་དེ་བཞིན་མགོ་རྙོག་ཚ་པོ་ཞིག་ཡིན། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ཏེ་མི་རིགས་གཉིས་འཆམ་མཐུན་ངང་གནས་རྒྱུའི་ཐབས་ལམ་འཚོལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་བཀའ་སློབ་སྩལ་བ་དང་སྦྲགས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་སྐོར་བཀའ་སློབ་་སྩལ།
དེ་བཞིན་སྐབས་དེར་གསུང་བཤད་གནང་མཁན་གཞན་རྣམས་ནི་ཨི་ཊཱ་ལི་དང་ཕི་ལི་སི་ཊེ་ནན་རིག་གཞུང་ལྷན་ཁང་(talian-Palestinese Cultural Institute Al Quds)ཞེས་པའི་ཚོགས་གཙོ་སྐུ་ཞབས་བྷ་སི་མ་ཨ་ཝཌ་Bassima Awad ལགས་དང། དེ་བཞིན་ཇིའུ་བླ་མ་སྐུ་ཞབས་ཇེ་རི་མི་མེལ་གོ་རོམ་ (Rabbi Jeremy Milgrom)ལགས་བཅས་ཡིན་འདུག སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་ཨུ་ཌེན་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཕུ་རིའོ་ཧོན་སེལ་ (Furio Honsell ) མཆོག་གིས་༸གོང་ས་མཆོག་ལོ་ལྔའི་རྗེས་སུ་ཁུལ་དེར་ཆིབས་བསྒྱུར་བསྐྱངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གྲོང་ཁྱེར་དེའི་ལྡི་མིག་འབུལ་ལམ་ཞུས། དེ་རྗེས་གསར་འགོད་པ་ཚོར་བཀའ་སློབ་སྩལ། དེནས་འཚེ་བའི་ལས་ལ་བྱམས་བརྩེ་དང་འཚེ་བ་མེད་པའི་ལམ་ནས་བསྙེན་པོ་བསྟེན་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་ཡོད་པ་བཅས།།