༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༧ ཉིན་སོལ་ཝི་ནི་ཡའི་རྒྱལ་ས་མ་རི་བྷོར་རྒྱལ་ཡོངས་ཚོགས་ཁང་དུ་ཐོག་མར་གསར་འགོད་པ་ཚོར། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་གསོ་རྒྱག་རྒྱུའི་སློབ་ཚན་འཇུག་ཐུབ་ཚེ་གཞོན་སྐྱེས་ཚོས་ཉལ་ཐག་དང་དྲག་སྤྱོད་ཀྱི་ལས་རིགས་ལ་འཛེམས་ཟོན་གྱིས་མི་ཚེ་བདེ་སྐྱིད་དང་སྤོབས་པ་ལྡན་པའི་ཐོག་ནས་བསྐྱལ་ཐུབ་རྒྱུ་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་རྗེས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མོ་ཧ་མ་ཌ་ཡུ་ནུ་སི་མཆོག་དང་Muhammed Junus རི་གོ་བེར་ཏ་མན་ཅུ་ཊུམ་མཆོག་ Rigoberta Menchu Tum བཅས་དང་ལྷན་ཚོགས་ཁང་གི་སྡིངས་ཆའི་བཞུགས་གྲལ་དུ་༸ཞབས་སོར་འཁོད་བསྟུན། ༸གོང་ས་མཆོག་གིས་འཆམ་མཐུན་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ལས་རིམ་དང་འབྲེལ་འཆམ་མཐུན་དང་གྲོས་མོལ་གྱི་ཐབས་ལམ་བརྒྱུད་རྩོད་རྙོག་སེལ་རྒྱུ་གལ་ཆེ་ཡིན་པ། ཞེས་པའི་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩལ་དོན། དེང་སྐབས་གྲོས་མོལ་དང་ཆིག་སྒྲིལ་ཐོག་ནས་དཀའ་ངལ་སེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན། རང་བྱུང་ཁམས་ཀྱི་ཐོན་སྐྱེད་ཇེ་ཉུང་དུ་འགྲོ་བཞིན་པའི་ཁར་མི་འབོར་ཧ་ཅང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། དབུལ་ཕྱུག་དབར་གྱི་ཧེ་བག་ཀྱང་ཧ་ཅང་འགྲོ་བཞིན་ཡོད་པ་ནི་དངོས་ཡོད་གནས་སྟངས་དང་བཟང་སྤྱོད་ཀྱི་ཕྱོགས་གཉིས་ཆ་དང་འགལ་ཡོད། གོ་ལའི་གནམ་གཤིས་དང་ཁོར་ཡུག་འབག་བཙོག་འགྲོ་བཞིན་པ་དེ་རྒྱལ་ཁབ་བྱེ་བྲག་པ་གཅིག་གཉིས་ཀྱི་དཀའ་ངལ་ཞིག་མིན་པར་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོས་འགྲོ་བ་མི་རིགས་སྤྱི་ཡོངས་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་ཆགས་ཡོད། ང་ཚོ་དང་ཁོང་ཚོ་ཞེས་ཐ་དད་འཛིན་རྒྱུའི་དུས་ཚོད་ཡོལ་ཟིན། གང་ཡིན་བརྗོད་ན། དཀའ་ངལ་དེ་དག་དྲག་པོའི་སྟོབས་ཀྱིས་སེལ་ཐབས་མེད། དེར་བརྟེན་གྲོས་མོལ་ལམ་ནས་ཕྱོགས་གཉིས་ཆར་རྒྱལ་ཁ་ཐོབ་རྒྱུའི་ཐབས་ལམ་དེ་ཕུལ་བྱུང་ཞིག་ཆགས་ཡོད། གྲོས་མོལ་བྱ་རྒྱུ་དེ་འདམ་ག་རྒྱག་རྒྱུའི་གོ་སྐབས་ཤིག་ཆགས་མེད། གྲོས་མོལ་བྱ་རྒྱུ་ནི་སྐབས་བབས་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་པར་ངོས་འཛིན་བྱེད་དགོས། ནང་ཆོས་ནས་རྟེན་འབྲེལ་གྱི་རྣམ་གཞག་ཐོག་བསམ་བློ་གཏོང་ཐུབ་ཚེ་ཧ་ཅང་ཕན་ཐོགས་ཡོད། རྟེན་འབྲེལ་དེ་བཞིན་སྤྱིར་ནང་པ་སངས་རྒྱས་པའི་རྣམ་གཞག་གཅིག་ཡིན་ནའང་གནད་དོན་གཞན་ལའང་སྦྱར་ཆོག ཅེས་སོགས་ཀྱི་བཀའ་སློབ་སྩལ། ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་སྟོན་འཁོར་ལྷན་རྒྱས་ཨོ་སི་ཊི་རི་ཡར་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཁོན་འཛིན་སེལ་བའི་འཆམ་མཐུན་དང་གྲོས་མོལ་གྱི་ཐབས་ལམ་བརྒྱུད་རྩོད་རྙོག་སེལ་རྒྱུ་གལ་ཆེ་ཡིན་སྐོར་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།