༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥་ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཀལ་གེན་ཕ་ཌ་ (Klagenfurt) གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཁ་རིན་ཐི་ཡ་Carinthia ས་ཁུལ་གྱི་འག་འཛིན་སྐུ་ཞབས་ཇེར་ཧར་ཌ་ཌོར་ཕ་ལར་ Mr. Gerhard Dörfler མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་གིས་ཨོ་སི་ཊོ་རི་ཡའི་གསོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། གསར་འགོད་པ་མང་དག་ཅིག་ཀྱང་བསླེབས་ཡོད། ཐེངས་འདིར་༸གོང་ས་མཆོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཀལ་གེན་ཕ་ར་ཌ་ནང་གདན་ཞུ་གནང་མཁན་གཙོ་བོ་དེ་བཞིན་སྐུ་ཞབས་ཇེར་ཧར་ཌ་ཌོར་ཕ་ལར་མཆོག་ཡིན་འདུག་ཀྱང་༸གོང་ས་མཆོག་གི་མཛད་འཆར་གོ་སྒྲིག་ཞུ་མཁན་རྒྱལ་སྤྱིའི་བོད་ཀྱི་ཆེས་མཐོའི་ཤེས་ཡོན་བསྟི་གནས་ཁང་Tibet Centre – International Institute of Higher Tibetan Studies ཞེས་པ་དེ་ཡིན་པ་དང།
ཕྱི་ལོ་ ༢༠༠༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐུན་འགྱུར་འོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཧ་ཌ་ཏན་བཀ་ (Hüttenberg) དུ་བཙུགས་པ་ཞིག་ཡིན་འདུག གྲོང་ཁྱེར་དེར་བོད་ནང་ལོ་བདུན་ཞེས་པའི་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་ཧན་རིཀ་ཧེ་རར་ (Heinrich Harrer) མཆོག་འཁྲུངས་ཡུལ་ཡིན། དེར་བརྟེན་ཐེངས་འདིར་༸གོང་ས་མཆོག་ཁུལ་དེར་ཁྱུག་ཙམ་ཆིབས་སྒྱུར་བསྐྱངས་ཡོད། འདི་ལོར་དམ་པ་ཁོང་འཁྲུངས་ནས་ལོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག དེ་ཡང་ཐེངས་འདིར་༸གོང་ས་མཆོག་གིས་ཨོ་སི་ཊི་རི་ཡའི་ཁུལ་དུ་མང་ཚོགས་གཏམ་བཤད་ཐེངས་བཞི་དང་ཉིན་གཉིས་རིང་བཀའ་ཆོས་སྩལ་གནང་མཛད་རྒྱུ། ཉིན་གཅིག་རིང་ནང་ཆོས་དང་ཚན་རིག་བགྲོ་གླེང་ལྷན་ཚོགས་སྐབས་ལྷན་བཞུགས་མཛད་རྗེས་ཕྱི་ཚེས་ ༢༢ ནས་ ༢༤ བར་མགོན་པོ་གང་ཉིད་མཆོག་ཨི་ཊཱ་ལི་དང་བེལ་ཇམ་སོགས་ཀྱི་ནང་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག