༢༠༡༢ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོལ་ཝི་ནི་ཡའི་རྒྱལ་ས་མ་རི་བྷོར་གཙུག་ལག་སློབ་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་༸གོང་ས་མཆོག་གཙུག་ལག་སློབ་ཁང་དུ་༸ཞབས་སོར་འཁོད་མཚམས་གཙུག་ལག་སློབ་ཁང་གི་རེག་ཊར་སྐུ་ཞབས་ཌ་ནཡི་ཇེལ་རེ་བྷོ་ཇི་Prof. Dr Danijel Rebolj མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་སྡིངས་ཆའི་སྟེང་བཞུགས་གྲལ་དུ་འཁོད་མཚམས་མང་ཚོགས་ ༨༠༠ ཙམ་ལ། རིག་གཞུང་གཅེས་སྐྱོང་གོང་འཕེལ་གཏོང་ཆེད་རིག་གསར་གྱི་ཐབས་ལམ་འཚོལ་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། ལྷན་ཚོགས་སྐབས་གསུང་བཤད་གནང་མཁན་མཁས་དབང་ཁག་གཅིག་ཡོད་པ་རྣམས་ནི་ཨོ་སི་ཕོ་ཌ་གཙུག་ལག་སློབ་གྲྭའི་མཁས་དབང་སྐུ་ཞབས་ཌེ་ནི་སི་ནོ་བེལ་མཆོག་ Prof. Denis Noble དང་སུད་སིའི་གྲོང་ཁྱེར་ཛུ་རིཀ་ནས་གཙུག་ལག་སློབ་དཔོན་སྐུ་ཞབས་ཌིཀ་ཧལ་བྷིང་ Prof. Dirk Helbing མཆོག་དེ་བཞིན་ཇར་མན་གཙུག་ལག་སློབ་གྲྭའི་གཙུག་ལག་སློབ་དཔོན་སྐུ་ཞབས་སེ་ཇི་ཕ་རེཌ་གོ་རོ་སི་མན་ Prof. Siegfried Grossman མཆོག་བཅས་ཡིན་འདུག སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་རང་མཁས་དབང་ཁག་གཅིག་དང་ལྷན་དེ་རིང་འདིར་སྐད་ཆ་ཤོད་རྒྱུ་དང་ཕན་ཚུན་བློ་སྐྱེ་ལེན་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། གཞི་རྩའི་ང་ཚོ་ཚང་མ་ལུས་དང་སེམས་གང་གི་ཆ་ནས་འགྲོ་བ་མི་གཅིག་མཚུངས་ཤིག་ཆགས་ཡོད། ངོས་རང་ལོ་རྒས་ཀྱང་ད་དུ་ང་སློབ་ཕྲུག་ཅིག་ཡིན་བསམ་པའི་ཀུན་སློང་ཡོད། རིག་པ་ནངས་པར་འཆི་ཡང་བསླབས། ཞེས་བོད་ཀྱི་མཁས་པ་ཞིག་གིས་དེ་སྔ་གསུངས་ཡོད། རིག་གཞུང་གཅེས་སྐྱོང་དང་གོང་འཕེལ་གཏོང་རྒྱུའི་རིག་གསར་གྱི་ཐབས་ལམ་འཚོལ་རྒྱུའི་ནུས་པ་ང་ཚོར་ཡོད། དེ་ལྟར་ཡོང་བར་ཤེས་ཡོན་མེད་དུ་མི་རུང་བ་ཆགས་ཡོད། ང་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་བལྟ་རྒྱུ་གལ་ཆེན་པོ་ཆགས་ཡོད། སྒེར་གྱི་ཁེ་ཕན་རྐྱང་པ་གཙོ་བཟུང་བྱེད་རྒྱུ་དེ་ནི་བློ་སྦུག་དོག་པའི་བསམ་བློ་ཞིག་ཡིན། གཞན་གྱི་བདེ་དོན་ལ་ཁྱད་གསོད་དང་སྣང་མེད་དུ་བཞག་ཚེ་མཐར་སོ་སོར་གྱོང་གུན་རག་ངེས་ཡིན། དེར་བརྟེན་འབྱུང་འགྱུར་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་མིན་ནི་བྱམས་བརྩེའི་བསམ་པར་རག་ལུས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།