༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི༌། ཀུན་ཁྱབ་ཐར་འདོད་གླིང་བོད་ཀྱི་ནང་ཆོས་བསྟི་གནས་ཁང་གིས་རེས་གཟའ་པ་སངས་དགོང་དྲོ་ནིའུ་ཡོཀ་གྲོང་ཁྱེར་ནང་ཕྱི་ནང་གི་སྐུ་མགྲོན་མང་པོ་ཞིག་གདན་ཞུ་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟི་གནས་ཁང་དེའི་འགན་འཛིན་ཕྱི་རྒྱལ་བ་དགེ་བཤེས་ནལ་གྷིལ་ལགས་ར་སྟོད་གྲྭ་ཚང་གི་མཁན་པོ་གསར་པར་བསྐོ་བཞག་མཛད་པར། དགའ་སྟོན་རྟེན་འབྲེལ་གྱི་འདུ་འཛོམས་ཤིག་ཚོགས་ཡོད།
ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། ར་སྟོད་སྐྱོང་བླ་སྤྲུལ་སྐུ། བོད་ཀྱི་ཐེབས་རྩའི་འགན་འཛིན་རིན་ཆེན་དར་ལོ་ལགས། གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་རི་ཆ་ཀྲི་གྷིར་ (Richard Gere) སོགས་ཀུན་ཁྱབ་ཐར་འདོད་གླིང་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་སྣ་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་རྗེས། ངོ་སྤྲོད་ཀྱི་ཚུལ་དུ་དགེ་བཤེས་ནལ་གྷིལ་ལགས་སྐུ་ན་ཆུང་དུས་ནས་ད་ལྟའི་བར་དང༌། དགེ་བཤེས་ནལ་གྷིལ་ལགས་དང་ཁོང་གི་དགེ་རྒན་ར་སྟོད་སྐྱོང་བླ་རིན་པོ་ཆེའི་དབར་གྱི་འབྲེལ་བ། དགེ་བཤེས་ལགས་ཀྱིས་ར་སྟོད་གྲྭ་ཚང་འཛུགས་སྐྲུན་ཐད་ཐུགས་སྣང་ཇི་ཙམ་གནང་ཡོད་མེད། ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་གསར་མཇལ་ཞུས་པ་བཅས་ཀྱི་གློག་བརྙན་ཐུང་ཐུང་ཞིག་ཀྱང་བསྟན་ཡོད།
བསྟི་གནས་ཁང་གི་ལས་བྱེད་ཀྲོ་ནི་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ནལ་གྷིལ་ལགས་ར་སྟོད་གྲྭ་ཚང་གི་མཁན་པོར་བསྐོ་གཞག་མཛད་པའི་སྐོར་ངོ་སྤྲོད་ཀྱི་གསུང་བཤད་སྙིང་བསྡུས་ཤིག་གནང་གྲུབ་མཚམས། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། དགེ་བཤེས་ནལ་གྷི་ལགས་ཀྱི་པ་ལགས་སོགས་སྐུ་མགྲོན་རྣམ་པས་རིམ་བཞིན་དཀར་གཙང་གི་མཇལ་དར་ཕུལ་སྟེ། མཁན་པོའི་མཛད་ཁུར་ལམ་ལྷོང་ཡོང་བའི་རྟེན་འབྲེལ་གྱི་སྨོན་འདུན་མཚོན་པ་གནང་ཡོད།
དགེ་བཤེས་ནལ་གྷིལ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་རང་མཁན་པོར་བསྐོ་གཞག་གནང་བ་དེ་ནི་ང་རང་གི་ངོས་ནས་བཤད་ན་དེ་ལས་ལྷག་པའི་གཟི་བརྗིད་ཆེ་བ་མེད། དེ་དང་ཆབས་ཅིག་འགན་ཡང་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་ཀྱང་ཡོང་གི་འདུག ང་རང་སྒེར་ལ་འགན་ཆེན་པོ་དེ་འདྲ་ཁྱོག་པའི་ཆ་རྐྱེན་མེད་ན་ཡང༌། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་དང༌། ར་སྟོད་གྲྭ་ཚང་དགེ་འདུན་པ་རྣམས་ཀྱི་རྒྱབ་སྐྱོར་ཡོད་པར་བརྟེན་རང་ངོས་ནས་གང་ཐུབ་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་ལན་འདེབས་གནང་ཡོད།
དགེ་བཤེས་ནལ་གྷི་ལགས་ནི་ཕྱི་རྒྱལ་མི་རིགས་ཤིག་ཡིན་པ་དང༌། ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཐུགས་སྣང་བྱུང་བ་ལྟར། ནང་ཆོས་སློབ་གཉེར་གནང་སྟེ་ཕྱི་ལོ་ ༡༩༩༨ ལོར་དགེ་བཤེས་གྱི་མཚན་གནས་ཐོབ་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་མི་རིགས་ཤིག་བོད་ཀྱི་གདན་ས་གྲ་ཚང་གི་མཁན་པོར་བསྐོ་གཞག་མཛད་པ་དེ་ནི་ལོ་རྒྱུས་ཐོག་ཐེངས་དང་པོ་ཆགས་ཡོད། དགེ་བཤེས་ནལ་གྷིལ་ལགས་ཀྱིས་རིང་མིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ར་སྟོད་གྲ་ཚང་དུ་ཕེབས་ནས་མཁན་པོའི་མཛད་འཁུར་དངོས་སུ་བཞེས་ཀྱི་ཡོད་པ་བཅས།།