༢༠༡༢ ཟླ་ ༤ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༧ ཉིན་བཏང་གནས་ནང་འཁོད་དོན། བདེ་སྐྱིད་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་ལྷུན་གྲུབ་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༩ ནས་ཟླ་ ༣ ཚེས་ ༢༧ བར་རྒྱ་གར་གྱི་མངའ་སྡེ་ལྔའི་ནང་བོད་མི་གནས་ཡུལ་ས་གནས་ཁག་ཏུ་ཆེད་བསྐྱོད་ཀྱིས་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་རིམ་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༩ ཉིན་ས་གནས་ཁྲིམས་པ་བསྟན་འཛིན་ལྷུན་གྲུབ་ལགས་བདེ་སྐྱིད་གླིང་ནས་ཕེབས་ཐོན་གྱིས། ཕྱི་ཚེས་ ༡༡ ཉིན་ཝྭ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཟབ་སྦྱོང་དབུ་འཛུགས་གནང་སྟེ། ཀུ་ལུ་དཔལ་རབ་གླིང༌། མ་ན་ལི། པ་ཏི་ལི་ཀུལ་བོད་ཁྱིམ། སྤོན་ཌོ་བཀྲ་ཤིས་གླིང༌། མན་ཌི། མཚོ་པདྨ། སྦིར་གཞིས་ཁག་གསུམ། ཅོན་ཏ་ར་གཞིས་ཆགས་དང་བོད་ཁྱིམ་སློབ་གྲྭ། རྫོང་གསར་བཤད་གྲྭ། སུ་ཇ་བོད་ཁྱིམ། བཀྲ་ཤིས་ལྗོངས། གོ་པལ་སྤུར་བོད་ཁྱིམ། ཤེས་རབ་དགའ་ཚལ་སློབ་གླིང༌། དྷ་སྟེང་བོད་ཁྱིམ་སློབ་གྲྭ། རྒྱུད་སྟོད་གྲྭ་ཚང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌། རྡ་ཤོད་བོད་ཁྱིམ་སློབ་གྲྭ། མེཀ་ལོར་གྷན་ཇི། དབུས་སྨན་རྩིས་ཁང༌། ས་རཱ་མཐོ་སློབ། ལྡི་ལི་བསམ་ཡས་གླིང༌། ལྡི་ལི་བོད་ཁྱིམ་གཞོན་ནུའི་སྡོད་ཁང༌། ཅན་དི་སྒར། ས་ཊོན་ཀཿ་ཐོག་གཞིས་ཆགས། ཀུམ་རའོ། པུར་ཝ་ལ་ས་སྐྱ་གཞིས་ཆགས། སྤོན་ཌ་ཆོལ་གསུམ་དང་སྤོན་ཌ་གཏན་སློབ། ཧར་སྤུར་འདོད་རྒུ་གཡུལ་རྒྱལ་གླིང༌། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་དང་ལག་ཤེས་སྦྱོང་བརྡར་ཁང་བཅས་གཞིས་ཆགས་དང་ཁ་འཐོར་འདུ་སྡོད་ཁག ༡༥ ཙམ་ལ་ཆེད་བསྐྱོད་ཀྱིས། སྔ་རྗེས་སུ་ཟབ་སྦྱོང་ཚོགས་འདུ་ཐེངས་ ༣༣ བསྐོང་འཚོགས་གནང་སྟེ་བསྡོམས་མི་འབོར་ ༥༩༧༥ ལ་ཁྲིམས་ལུགས་ཟབ་སྦྱོང་སྤྲད་ཡོད་པ་མ་ཟད། སེར་སྐྱ་མང་ཚོགས་ཁྲོད་ནས་དྲི་བ་བྱུང་རིགས་ལ་ལན་འདེབས་འོས་འཚམ་གནང་འདུག བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ས་གནས་གཞན་ ༡༣ ལ་རྩིས་ལོ་ ༢༠༡༢།༡༣ ནང་ཟབ་སྦྱོང་གི་ལས་རིམ་མུ་མཐུད་གནང་འཆར་ཡོད་པ་རེད།
ས་གནས་ཁྲིམས་ཞིབ་ཁང་གིས་སོ་སོའི་ཁྱབ་ཁོངས་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་རྒྱ་གང་ཆེ་སྤེལ་རྒྱུ་དང༌། ཁ་མཆུ་ཞུ་གཏུག་བྱེད་སྟངས་སྐོར་མང་ཚོགས་དང༌། ས་གནས་འགོ་འཛིན། འབྲེལ་ཡོད་ཚང་མར་འགྲེལ་བརྗོད་གནང་རྒྱུའི་ལས་འཆར་འདི་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀོད་ཁྱབ་འོག་ལག་བསྟར་ཞུ་བཞིན་པ་ཞིག་ཡིན།
ས་གནས་ཁྲིམས་ཞིབ་པའི་ཐེངས་འདིའི་ཟབ་སྦྱོང་སྐོར་བསྐྱོད་སྐབས་ས་གནས་སོ་སོའི་འགོ་འཛིན་ལས་ཁང་དང༌། དགོན་སྡེ། སློབ་གྲྭ་སོགས་ཀྱི་དབུ་འཛིན་ལས་སྣེ་རྣམ་པས་སྣེ་ལེན་གོ་སྒྲིག་གི་མཐུན་འགྱུར་རོགས་རམ་འཐུས་ལེགས་གནང་འདུག་པ་བཅས། །
བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་པའི་ཁྲིམས་ལུགས་ཟབ་སྦྱོང་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།
གསར་གནས།
འབྲེལ་གནས།