༢༠༡༢ ཟླ་ ༤ ཚེས་ ༡༨ རེསགཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༨ དང་ ༡༩ བཅས་ཉིན་གྲངས་གཉིས་རིང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༤༥ བཀའ་ཁྲི་མཆོག་དང་དཔལ་འབྱོར་བཀའ་བློན་མཆོག་གིས་གཙོས་ལྷན་ཁང་གི་ཁག་གི་དྲུང་ཆེ་རྣམ་པ། ཚོང་ལས་བདེ་ཚོགས་ཀྱི་འཐུས་མི་རྣམ་པ་ལྷན་འཛོམས་ཀྱི་ཐོག་མར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་སྟེ་བོད་བསྟན་སྲིད་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་དཔའ་བོ་ཕོ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་ཞུས་ཡོད།
དེ་རྗེས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ནོར་བུ་ལགས་ཀྱིས་ཚོགས་གཙོའི་གཏམ་བཤད་དང་ལོ་འཁོར་ལས་བསྡོམས་སྒྲོགས་སྦྱང་གནང་གྲུབ་མཚམས་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་ཚོང་ལས་བདེ་ཚོགས་ངོས་ནས་བཀའ་ཁྲི་མཆོག་དང་དཔལ་འབྱོར་བཀའ་བློན་མཆོག སྤྱི་འཐུས་ཚོགས་གཙོ་བཅས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་གྲུབ་མཚམས་དངུལ་གཉེར་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ལོ་འཁོར་རྩིས་ཁྲ་སྒྲོགས་སྦྱང་གནང་ཡོད།
དེ་ནས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་དཔལ་འབྱོར་བཀའ་བློན་མཆོག་གིས་གཙོས་ལྷན་ཁང་ཁག་གཅིག་གི་དྲུང་ཆེ་རྣམ་པ། དེ་བཞིན་ཚོང་ལས་སྡེ་ཚོགས་ཀྱི་འཐུས་མི་རྣམ་པ། དེ་རིང་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་བཞུགས་སྒར་དུ་ཚོགས་པར་བཅར་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོང་པའི་ལྷན་ཚོགས་དེ་བཞིན་སྤྱི་ཚོགས་ནང་ཕན་ཐོགས་བྱེད་མཁན་ཞིག་ཡོང་གི་རེད་ཅེས་བཀའ་སློབ་ཕེབས་པ་ལྟར། ཚོང་པའི་ལྷན་ཚོགས་ཀྱིས་འབད་བརྩོན་གནང་དང་གནང་མུས་ཡིན་པ་ཧ་ཅང་ཡག་པོ་རེད། བཀའ་ཤག་གིས་དུས་རྟག་ཏུ་གཞི་རིམ་གྱི་ལྟ་གྲུབ་གསུམ་ཞུས་དང་ཞུ་མུས་ཡིན། ཆིག་སྒྲིལ་ནི། ཆོལ་ཁ་དང་ཕོ་མོ། དབུལ་ཕྱུག་དབྱེར་མེད་ལ་གཅིག་གྱུར་ཐོག་ནས་ལས་ཀ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་གསར་གཏོད་ཐོག་ཚོང་པའི་ལྷན་ཚོགས་ཀྱིས་ཐུགས་ཕན་གསོ་པ་གནང་གི་ཡོད་པ་རེད་ལ་གནང་དགོས་པ་ཞིག་ཀྱང་རེད། གསར་གཏོད་རིམ་པའི་ཐོག་ནས་སྔོན་མ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་ཕེབས་འདུག་ལ་ད་དུང་ཡང་ཕེབས་ཏེ་རྒྱ་ཆེ་རུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚོང་དང་ཆབ་སྲིད་གང་ཞིག་ཡིན་རུང་མཐར་མི་དང་མིའི་དབར་ལ་འབྲེལ་བ་ཆགས་ཀྱི་ཡོད་པར་བརྟེན། མི་དང་མིའི་དབར་གྱི་འབྲེལ་ལམ་ཡག་པོ་བྱུང་ན་དོན་དག་གང་ཞིག་ཡིན་རུང་སྒྲུབ་ཀྱི་ཡོད། དེ་བཞིན་འཕྲུལ་ཆས་ཀྱི་བརྒྱུད་ལམ་ནས་ཁྲིམས་མཐུན་ཐོག་ཚོང་གཉེར་བྱ་རྒྱུ་གལ་ཆེན་པོ་རེད། རང་ཁ་རང་གསོའི་ཐོག་ཕལ་ཆེར་དམིགས་བསལ་སྤྱི་ཚོགས་ནང་དངོས་སུ་ལག་བསྟར་གནང་མཁན་ཚོང་པ་ཚོ་ཆགས་ཡོད།
༸གོང་ས་མཆོག་དང་བཀའ་ཤག་སྐབས་གོང་མའི་དགོངས་པར་ཡོད་པ་གཞི་བཟུང་ཕྱི་ལོ་ ༢༠༠༤ ལོར་ཚོང་པའི་ལྷན་ཚོགས་བཙུགས་ཏེ་ལས་རིམ་མང་དག་ཅིག་སྤེལ་ཡོད། ཚོང་པ་རྣམས་སོ་སོའི་རྐང་པའི་སྟེང་དུ་ལངས་ཐུབ་པ་བྱུང་བ་ལྟར། རིམ་བཞིན་བོད་མི་མང་ལ་ཕན་ཐོགས་བྱ་རྒྱུ་གལ་ཆེན་པོ་རེད། རང་ཉིད་ཚོང་རྒྱག་སྐབས་རབ་བྱུང་ན། བོད་མི་ཚོར་གང་ཐུབ་ཅི་ཐུབ་ལས་ཀ་བྱ་རྒྱུའི་གོ་སྐབས་གནང་ན་སྤྱི་ཚོགས་ལ་ཏན་ཏན་ཕན་ཐོགས་ཀྱི་རེད། བཀའ་ཤག་ངོས་ནས་སྤྱི་ཚོགས་ཀྱི་དངུལ་ཁང་ཞིག་འཛུགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་དེར་ཁྲིམས་ཐོག་སོགས་ནས་ཞིབ་འཇུག་བྱེད་དགོས་པ་རེད་འདུག གལ་སྲིད་དེ་ལྟར་བྱུང་ན། ཚོང་པའི་ལྷན་ཚོགས་ཀྱིས་གཙོས་ཚོང་པ་གཞན་དག་ཚོར་ལམ་སྟོན་ལྟ་བུ་ཆགས་ཀྱི་རེད། དེ་བཞིན་(Enterpreneurship)ཐོག་ནས་ལས་གཞི་སྤེལ་རྒྱུའི་འཆར་གཞི་ཞིག་ཡོད། དེ་སྔོན་གནས་མཆོག་རྡོ་རྗེ་གདན་དུ་ཚོང་པའི་ལྷན་ཚོགས་ཀྱི་འཐུས་མི་ཐུག་སྐབས། ཁོང་རྣམ་པས་བཀའ་བློན་ཁྲི་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་སྐབས་ཚོང་པའི་་ལྷན་ཚོགས་ཀྱི་འཐུས་མི་མཉམ་དུ་འགྲོ་ཐུབ་པ་བྱུང་ན། ཕྱི་རྒྱལ་གྱི་ཚོང་པ་ཚོ་དང་འབྲེལ་བ་བྱ་རྒྱུ་ཕན་ཐོགས་ཡོང་བ་འདུག་ཅེས་བརྗོད་བྱུང་།
སྐབས་དེར་ངས་གཞི་རྩའི་འཆར་གཞི་དང་འབྲེལ་ལམ་ཁྱེད་རྣམས་ནས་བཟོ་དགོས་ཀྱི་རེད་མ་གཏོགས་བཀའ་ཤག་ནས་ཕྱི་རྒྱལ་དུ་ཡོད་པའི་ཚོང་པ་ཚོ་དང་འབྲེལ་བ་བྱས་ཏེ་རྣམ་པ་ཚོ་དང་ཐད་ཀར་འབྲེལ་ལམ་བཟོ་རྒྱུའི་ཆ་རྐྱེན་ད་ལྟ་འདང་གི་ཡོད་མེད་ཤོད་ཐུབ་ཀྱི་མི་འདུག ཅེས་བརྗོད་པ་ཡིན། དེ་བཞིན་གོང་དུ་བྱང་ཤར་ཁུལ་དུ་ཡོད་པའི་བོད་མི་ཚོར་སྐྱབས་བཅོལ་ལག་དེབ་ཏུ་ཡོད་པར་བརྟེན། ཕྱི་རྒྱལ་གྱི་ལུང་པ་ཁག་གཅིག་ལ་འགྲོ་ཐུབ་ཀྱི་མི་འདུག ཅེས་གསུངས་སོང་། ངའི་བསམ་པར་སྐྱབས་བཅོལ་ལག་དེབ་ཡོད་པའི་ཐོག་ཕྱི་བསྐྱོད་ལག་དེབ་ཐོག་ནས་ལུང་པ་མང་ཆེ་བར་འགྲོ་ཆོག་གི་ཡོད། ང་ཚོས་གོ་ཐོས་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་གར་ནང་སྲིད་ལས་ཁུངས་ནས་གསལ་བསྒྲགས་བཏང་བའི་ནང་། བཙན་བྱོལ་དུ་ཡོད་པའི་བོད་པ་ཚོ་རྒྱ་གར་དུ་ལས་ཀ་དང་། སྒེར་ཁང་རྒྱག་རྒྱུའི་ས་ཆ་ཆུང་ཆུང་ཉོས་ཆོག་གི་རེད། འོན་ཀྱང་(RBI) སྒྲིག་གཞི་འཁྱེར་དགོས་ཀྱི་རེད། ཅེས་གསལ་པོ་གསུང་གི་འདུག དེ་བཞིན་ཁ་སང་ཁ་ཉིན་ང་ཚོར་གསལ་བསྒྲགས་ཤིག་བྱུང་ཡོད། སྐྱབས་བཅོལ་ལག་དེབ་ལོ་ལྔ་འཕར་འགྱང་བྱ་རྒྱུ་དེའི་ཐོག་དཀའ་ལས་གང་ཙམ་རྒྱག་དགོས་བྱུང་། བཀའ་ཁྲིིའི་དམ་འབུལ་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འབྲེལ་ཡོད་ལས་ཁུངས་མང་དག་ཅིག་ལ་བཅར་ཏེ་དཀའ་ངལ་དེ་དག་ཞུས་པར་བརྟེན། ཉེ་ཆར་རྒྱ་གར་གཞུང་ནས་ཁས་ལེན་གནང་བ་རེད། འོན་ཀྱང་དེའི་ནང་ཆ་རྐྱེན་བཞི་ཡོད། ཆ་རྐྱེན་གཅིག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་དགོས་ཀྱི་ཡོད། དེ་བཞིན་ས་གནས་ཀྱི་(FOR)ནང་ཡི་གེ་འབྱོར་མི་འདུག་པས་ད་ལྟ་ལམ་སེང་ལག་ལེན་བསྟར་རྒྱུའི་གནས་སྟངས་ཆགས་མེད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་ཚོང་ལས་བདེ་ཚོགས་ངོས་ནས་ཚོགས་མི་ཁག་གཅིག་ལ་གནང་རྒྱུའི་གཟེངས་རྟགས་དེ་བཞིན་བཀའ་ཁྲི་མཆོག་གིས་གནང་ཡོད།
སྤྱིར་བཏང་བོད་མིའི་ཚོང་ལས་བདེ་ཚོགས་ལ་ད་ལྟའི་ཆར་ཚོགས་མི་གྲངས་ ༡༩༠ བརྒལ་བ་ཡོད་པ་མ་ཟད། ཐེངས་འདིའི་ཚོགས་འདུར་སུད་སི་དང་། སི་པན། ཕ་རན་སི། ཨ་རི། རྒྱ་གར། བལ་ཡུལ་བཅས་ནས་ཁྱོན་འཐུས་མི་གྲངས་ ༥༠ བརྒལ་བ་བཅར་འདུག