༢༠༡༢ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༢ ཉིན་རྡ་ས་གངས་སྐྱིད་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་བོད་མིའི་ཁྱད་ལས་དང་བླངས་ལས་གཞི་དང་དེའི་དྲ་རྒྱ་གཉིས་ལྷན་ཅིག་ཏུ་དབུ་འབྱེད་གནང་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད། ༢།༣༠ ཐོག་སྐུ་མགྲོན་གཙོ་བོ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་དང་། དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས། བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་གཙོས་དབུས་ལས་ཁུངས་ཁག་གི་དྲུང་ཆེ་དང་འགན་འཛིན་རྣམ་པ། འབྲེལ་ཡོད་ལས་བྱེད་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་གྲུབ་བསྟུན་བཀའ་དྲུང་གིས་ངོ་སྤྲོད་གསུང་བཤད་གནང་རྗེས་ལས་འཆར་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་ལས་འཆར་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་དོན།
དེ་རིང་འདིར་སྐུ་མགྲོན་གཙོ་བོ་མཆོག་གི་དབུས་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ལས་གཞི་འདིའི་དམིགས་དོན་ནི་བཙན་བྱོལ་ནང་ཡོད་པའི་བོད་པ་མང་པོ་ཞིག་ཁ་འཐོར་ཏེ་འཛམ་གླིང་རྒྱལ་ཁབ་བཞི་བཅུ་ཙམ་ནང་གནས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དང་ང་ཚོའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་རྒྱུའི་འདོད་པ་ཡོད་ཀྱང་། དམིགས་བསལ་ལམ་ཁ་མེད་པ་མ་ཟད། དང་བླངས་ཞབས་ཞུ་ཕྲན་བུ་སླེབས་ཀྱི་ཡོད་པ་རྣམས་ཁོར་ཡུག་དང་མཐུན་རྐྱེན་གྲ་སྒྲིག་མེད་སྟབས་ཉམས་མྱོང་གང་ཙམ་ཡོད་ཀྱང་ལས་དོན་ཞེ་དྲག་འགྲུབ་མ་སོང་བསམ་པའི་ཕྱོགས་གཉིས་ཀ་ཐོག་ནས་ཡོང་གི་ཡོད། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་བསྒྲུབ་རྒྱུའི་ལས་གཞི་བརྒྱུད་ནས་དམིགས་དོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་བདུན་དང་རང་དབང་ཅན་གྱི་སྡེ་ཚན་ཁག་ནང་འགན་འཛིན་དང་ལྷན་དང་བླངས་ཀྱི་ལས་ཡུལ་གོ་སྐབས་ཤིག་ཡོད་པ་དྲ་རྒྱ་འདི་བརྒྱུད་གང་མང་ཁྱབ་ཐུབ་རྒྱུ་ཞིག་དང་།
སྤྱིར་བཏང་ཁྱད་ལས་པའི་ནང་གནས་རིམ་གསུམ་ཡོད། དང་པོ། མཐོ་སློབ་ཏུ་ཡོད་པའི་སློབ་ཕྲུག་རྣམ་པ་དང་། གཉིས་པ། ཁྱད་ལས་པ་རྣམ་པ། གསུམ་པ། ཁྱད་ལས་པ་ཡིན་ཡང་ལོ་ངོ་ཉི་ཤུ་ཙམ་ཉམས་མྱོང་ཚད་དང་ལྡན་པའི་ཁྱད་ལས་པ་ཐོན་པ་རྣམས་ཀྱི་ཆེད་དུ་ཡིན། སྡེ་ཚན་གསུམ་དུ་ཕྱེ་དགོས་པའི་རྒྱུ་མཚན་ནི། དཔེར་ན། མཐོ་སློབ་ཏུ་ཡོད་པའི་སློབ་ཕྲུག་རྣམས་ཉམས་མྱོང་དང་ཤེས་ཚད་ཞན་ཡང་སེམས་ཤུགས་ཡོད་པར་བརྟེན། མ་འོངས་པར་དེའི་ཁོངས་སུ་ཞུགས་ཐུབ་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དུ་ཞུགས་རྒྱུ་དང་དེའི་ཉམས་མྱོང་ལ་གཞིགས་ཏེ་ཁྱད་ལས་པའི་རྗེས་འཛིན་ཐུབ་རྒྱུའི་ཆེད་དུ་ཡིན། གཉིས་པ། ཁྱད་ལས་པ་ཉམས་མྱོང་རིམ་གསོག་གིས་ཁྱད་ལས་པའི་གནས་རིམ་གསུམ་པ་དེར་ཞུགས་ཐུབ་རྒྱུའི་ཆེད་དུ་ཡིན། དེ་ཚོར་ང་ཚོས་དམིགས་བསལ་འབྲེལ་བ་ཞུས་ཏེ་རྡ་སར་ཕེབས་ཐུབ་པའི་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། དམའ་མཐར་ཟླ་བ་གསུམ་དང་བླངས་ཞབས་ཞུའི་ཐོག་ཟླ་བ་དྲུག་དང་ལོ་གསུམ་ཞུགས་ཐུབ་ན་གང་ལེགས་ཞུ་རྒྱུ་དང་།
ད་ལྟའི་ཆར་ལས་ཡུལ་འདིར་རྐུབ་སྟེགས་གྲངས་ ༢༢ ཙམ་འདུག ལས་གཞི་འདི་ལོ་གཅིག་གཉིས་མིན་པར་སོང་། ལྷན་ཁང་ཁག་གི་དགོས་མཁོ་གཞིར་བཟུང་འབྲེལ་བ་ཞུས་ཏེ་དྲ་རྒྱའི་ནང་ཁྱབ་བསྒྲགས་ཞུ་རྒྱུ་ཡིན། ཞེས་སོགས་གསུང་རྗེས་བོད་མིའི་ཁྱད་ལས་པའི་དྲ་རྒྱ་ངོ་སྤྲོད་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་ལས་གཞི་སྒོ་འབྱེད་ཀྱི་གསུང་བཤད་ནང་། དང་བླངས་ཞབས་ཞུ་ནི་རླབས་ཆེན་ཡིན་སྐོར་དང་ལས་གཞི་འདི་ལམ་ལྷོང་ཡོང་བ་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།
བོད་མིའི་དང་བླངས་ཞབས་ཞུའི་དྲ་རྒྱའི་ཁ་བྱང་ནི། www.tibetcorps.org