༢༠༡༢ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །གསར་འགྱུར་བརྒྱུད་ལམ་ཁག་ནང་གསལ་ཚུལ་ཐོན་གསལ་ལྟར་ན། ཕན་རན་སིའི་སྲིད་འཛིན་གསར་འདེམས་ཀྱི་ལས་གཞི་འགྲོ་དང་འགྲོས་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༢ ཉིན་སྲིད་འཛིན་གྱི་འོས་བསྡུ་ཉིན་དང་པོ་གནང་བ་དང་སྟབས་བསྟུན་ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ནས་འོས་མི་བཅུར་བོད་དོན་དང་འབྲེལ་བའི་དྲི་བ་ཕུལ་བར་ལན་འདེབས་གནང་འདུག
དེ་ཡང་ཐོག་མར་ཕ་རན་སི་སྲིད་འཛིན་ལས་ཐོགས་པ་(Nicholas Sarkozy)ནི་ཁོ་ལ་སར་ཀོ་ཛི་མཆོག་གིས་ལན་འདེབས་གནང་བའི་ནང་འཁོད་དོན། ངས་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མཆོག་དང་མཇལ་འཕྲད་ཞུས་པ་ཡིན། དེ་བཞིན་རྒྱ་ནག་གཞུང་གི་འགོ་ཁྲིད་དང་ག་དུས་ཐུག་འཕྲད་བྱུང་ཡང་བོད་དོན་སྐོར་གླེང་སློང་བྱེད་ཀྱི་ཡོད། བོད་དོན་ནི་ཕ་རན་སི་མི་མང་དང་རང་ཉིད་ངོས་ནས་གནད་དོན་གལ་ཆེར་འཛིན་བཞིན་ཡོད་སྟབས། རྩ་དོན་དེ་དང་འབྲེལ་ཡོད་ཐད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ཡང་སྤྱི་ཚོགས་ཚོགས་པའི་སྲིད་འཛིན་གྱི་འོས་མི་(Francois Hollande) ཕ་རན་སེ་ཁོ་སིའུ་ཧོ་ལེན་ཌེ་མཆོག་གིས་ལན་འདེབས་གནང་བའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་འདིའི་ནང་གུས་བཀུར་ཆེ་ཤོས་ཞུས་འོས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་མཁན་ཞིག་ཡིན་སྟབས། ཁོང་མཇལ་འཕྲད་ཞུ་མི་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་མེད། ཅེས་གསུངས་འདུག
དེ་བཞིན་ལྗང་གུ་ཚོགས་པའི་སྲིད་འཛིན་གྱི་འོས་མི་ལྕམ་སྐུ་(Eva Joly )ཨེ་ཝ་ཇོ་ལི་མཆོག་གིས་ལན་འདེབས་གནང་བའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མཆོག་མཇལ་འཕྲད་ཐེངས་གཅིག་ཙམ་མ་ཟད། ཐེངས་མང་ཞུས་ཏེ་༸གོང་ས་ཏཱ་ལའི་བླ་མཆོག་གི་བཀའ་སློབ་ལན་མང་ཞུ་རྒྱུ་ཡིན། བོད་ཀྱི་གནད་དོན་དེ་བཞིན་གྲོས་མོལ་གྱི་ཐབས་ལམ་བརྒྱུད་ནས་སེལ་དགོས་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཀྱང་གཞུང་འབྲེལ་ཐོག་ནས་མཇལ་འཕྲད་ཞུ་རྒྱུ་ཡིན་ཞེས་གསུངསའདུག
ལྷག་པར་གཡས་ཕྱོགས་ཀྱི་ལྟ་བ་འཛིན་མཁན་སྲིད་འཛིན་གྱི་འོས་མི་ལྕམ་སྐུ་(Marine Le Pen) མ་རི་ལི་པན་མཆོག་གིས་ལན་འདེབས་གནང་བའི་ནང་འཁོད་དོན། ཕ་རན་སི་འདི་བཞིན་རང་དབང་དང་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་གཅིག་ཡིན་སྟབས། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངེས་པར་དུ་མཇལ་འཕྲད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་པ་བཅས། །
ཕ་རན་སིའི་སྲིད་འཛིན་འོས་མི་བཅུ་ཡོད་པའི་ནང་ནས་དགུས་༸གོང་ས་མཆོག་དང་འཇལ་འཕྲད་གནང་རྒྱུ་ཡིན་སྐོར་གསུངས་པ།
གསར་གནས།
འབྲེལ་གནས།