༢༠༡༢ ཟླ་ ༤ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༢ ནས་ ཚེས་ ༡༦ བར་རྡ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གསུམ་པ་དང་། ས་གནས་བཅུ་བདུན་ནས་ཕེབས་པའི་འཐུས་མི་རྣམ་པར་ཟབ་སྦྱོང་འཚོགས་མུས་ཡིན་འདུག དེ་ཡང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གཙོས་སྤྱི་འཐུས་ཟུར་པ་ཁག་གཅིག་དང་། ས་གནས་ཁག་གི་འཐུས་མི་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱི་དང་རྒྱ་ནག་མི་མང་གི་ལྟ་ཚུལ། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན།
དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ནས་འགན་འཁྱེར་ཏེ་ད་བར་མི་མང་ལ་གོ་རྟོགས་སྤེལ་བའི་ལས་འགུལ་མང་དག་ཅིག་སྤེལ་བར་བརྟེན་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད། དེ་རིང་འདིར་དབུས་ས་གཉིས་ཀྱི་ལས་འགན་འཁྱེར་མཁན་ཚོས་ལྷན་ཚོགས་ཐོག་སྐད་ཆ་ཤོད་རྒྱུའི་གོ་སྐབས་གནང་བར༌ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སྐབས་བོད་ནང་བོད་མིས་རང་ལུས་མེར་སྲེག་གཏོང་བའི་ཛ་དྲག་གི་གནས་སྟངས་ཡོང་བཞིན་པར་སོང་། རྒྱ་ནག་གཞུང་གིས་མང་ཚོགས་དང་སྤྱི་ཚོགས་ནང་༸གོང་ས་མཆོག་ཁ་བྲལ་རིང་ལུགས་པ་ཡིན་སྐོར་དང་རང་ལུས་མེར་སྲེག་གཏོང་མཁན་དེ་དག་ཚུལ་མཐུན་མ་ཡིན་པ་སོགས་འཁྱོག་བཤད་ཤུགས་ཆེ་བྱེད་ཀྱི་ཡོད། རྒྱ་ནག་ཁྱོན་ཡོངས་ནས་དངོས་ཡོད་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པ་གསལ་པོ་རེད་འདུག རྒྱ་ནག་མི་མང་གིས་ང་ཚོར་ལྟ་སྟངས་གང་འདྲ་ཡོད་ཅེ་ན། སྤྱི་ཡོངས་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ཐོག་ནས་རྒྱ་ནག་སྤྱི་ཚོགས་ནང་རྒྱ་ནག་གི་མི་མང་ཚོར་དངོས་ཡོད་གནས་ཚུལ་རྟོགས་པའི་གོ་སྐབས་མེད་པར་བརྟེན། བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཕལ་ཆེར་ཁག་པོ་ཆགས་ཀྱི་ཡོད། འོན་ཀྱང་རྒྱ་རིགས་མཁས་དབང་རེ་ཟུང་གིས་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཡོང་གི་ཡོད། དེ་བཞིན་དབུ་མའི་ལམ་འདི་བོད་པ་ཙམ་གྱི་ཁེ་ཕན་མིན་པར་རྒྱ་བོད་གཉིས་ཕན་དང་ཁྱིམ་མཚེས་ཡུལ་གྲུ་ཚང་མར་ཕན་ཐོགས་ཆེན་པོ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
ད་ཐེངས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་དང་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༡༢ ཉིན་
དབུ་འཛུགས་གནང་སྟེ་ཉིན་དང་པོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མང་ཚོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་འཁུར་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱི་དང་རྒྱ་ནག་མི་མང་གི་ལྟ་སྟངས། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་ལ་གསུང་བཤད་དང་། དེ་བཞིན་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་ཐད་རྒྱ་ནག་ཤེས་ཡོན་པ་ཚོས་ལྟ་སྟངས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། དེ་བཞིན་ཉིན་ལྔའི་རིང་འཚོགས་བཞིན་པའི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ས་གནས་སོ་སོའི་ནང་ལས་འགུལ་སྤེལ་ཕྱོགས་དང་རྒྱུན་ལས་གསར་འདེམས་གནང་རྒྱུ་ཡིན་འདུག་པ་བཅས། །