༢༠༡༢ ཟླ་ ༤ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་རྒྱལ་ཡོངས་རླུང་འཕྲིན་(National Public Radio)ཞེས་པའི་ལས་རིམ་གཙོ་སྐྱོང་བའི་དྲི་བར་བཀའ་ལན་སྩོལ་སྐབས་སློབ་གྲྭའི་ནང་ཐུབ་ཚོད་ཤོད་རེས་བྱ་རྒྱུའི་དཀའ་ངལ་དང་ཧ་ཝའི་རིག་གཞུང་། དེ་བཞིན་བོད་ཀྱི་གནད་དོན་བཅས་བརྗོད་གཞི་འདྲ་མིན་ཐོག་གི་དྲི་བར་བཀའ་ལན་སྩལ་ཡོད། དེ་རྗེས་ཨ་རིའི་ཧ་ཝའི་གྲོང་ཁྱེར་གྱི་ཤར་ནུབ་བསྟི་གནས་ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ། དེང་གི་དུས་སུ་གདོད་མའི་རྣམ་དཔྱོད་ཀྱི་གལ་གནད། ཅེས་པའི་བརྗོད་གཞིའི་བགྲོ་གླེང་ཐོག་ལྷན་ཞུགས་དང་བཀའ་སློབ་སྩལ་ཡོད། ཐོག་མར་བསྟི་གནས་ཁང་གི་འགན་འཛིན་མཆོག་དང་གོ་སྒྲིག་ཚོགས་མི་རྣམ་པས་ཧ་ཝའི་ཡུལ་གྱི་བསྟོད་དབྱངས་ལམ་ནས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་ལས་རིམ་གཙོ་སྐྱོང་བས་༸གོང་ས་མཆོག་ལ་ཧ་ཝའི་ནང་ཉིན་གཅིག་དང་ཕྱེད་ཀའི་རིང་ཐུགས་ཀྱི་མྱོང་ཚོར་ཇི་འདྲ་བྱུང་མིན་གྱི་དྲི་བ་ཕུལ་བར་བཀའ་ལན་སྩལ་དོན། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བརྗོད་ན། ཧ་ཝའི་མི་མང་རྒན་གཞོན་ཚང་མའི་འཛུམ་མདངས་ཀྱི་རྣམ་འགྱུར་དེར་ཧ་ཅང་ཡིད་དབང་འཕྲོག་དགོས་པ་བྱུང་། གྲོང་ཁྱེར་ཆེན་པོའི་ནང་སྡོད་མཁན་གྱི་མི་རྣམས་སྐབས་རེ་བྲེལ་ཟིང་ཆེ་བའི་འཕྲུལ་ཆས་ཀྱི་ཆ་ཤས་ལྟ་བུར་གྱུར་ནས་མིའི་སྤྱི་ཚོགས་ཀྱི་འདུ་ཤེས་དེ་ཙམ་བསླེབ་མི་ཐུབ། འོན་ཀྱང་དཀའ་ངལ་ཡོད་མིན་ལ་མ་ལྟོས་པར་ཧ་ཝའི་མི་མང་ཚོས་རང་གི་རིག་གཞུང་གཅེས་སྐྱོང་ཐུབ་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་ལན་སྩལ།
ཉིན་རྒྱབ་༸གོང་ས་མཆོག་ལ་གསོལ་སྟོན་འབུལ་ལམ་ཞུ་སྐབས་ཧ་ཝའི་སྲིད་སྐྱོང་བ་སྐུ་ཞབས་ནེལ༌བྷར་ཀོམ་བྷི་(Neil Abercrombie)མཆོག་གིས་སྙན་སྒྲོན་ཞུས་དོན། ཕྱི་ཚེས་ ༡༥ ཉིན་མོ་འདི་ནི་ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཉིན་མོ། ཞེས་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་དེ་སྔ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཡིན་པ་སྐུ་ཞབས་ནེལ༌བྷར་ཀོམ་བྷི་མཆོག་དང་འབྲེལ་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་ད་བར་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་གནང་མཛད་པ་དང་སྦྲགས། བོད་ནང་གི་གནས་སྟངས་ལ་འཕྲལ་ཕུགས་རྒྱང་གསུམ་ནས་ལྟ་དགོས་གལ་ཆེ་བའི་སྐོར་དང་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ལ་ཚང་མས་དོ་སྣང་ངེས་པར་དུ་བྱེད་དགོས་སྐོར་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་༸གོང་ས་མཆོག་གིས་སི་ཊན་ཤ་རིབ་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཨ་ལོ་ཧའི་ནུས་པ་བརྒྱུད་ཞི་བདེ་གོང་མཐོར་གཏོང་རྒྱུ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད་པ་བཅས།།
གདོད་མའི་རྣམ་དཔྱོད་ཀྱི་གལ་གནད་སྐོར་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།