ཟླ་བ་བཞི་པ། ཚེས ༡༨ ༢༠༡༢ དུས་ཚོད ༡༡:༣༠
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ཧ་ཝའི་མངའ་སྡེའི་ནང་མཛད་འཕྲིན་གྱི་ཉིན་མཐའ་མར་གསར་འགོད་པ་དང་མཇལ་འཕྲད་ཀྱིས་གསར་འགོད་པས་བོད་ནང་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་གྱི་དྲི་བ་ཕུལ་བར་བཀའ་ལན་སྩལ་དོན། བོད་ནང་བོད་མི་སུམ་ཅུ་ལྷག་གིས་རང་ལུས་མེར་སྲེག་བཏང་བའི་རྒྱུ་རྐྱེན་གཙོ་བོ་ག་པར་ཐུག་ཡོད་མེད་ཐོག་རྒྱ་ནག་གཞུང་གིས་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུའི་དུས་ལ་བབ་ཡོད། རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན། འོན་ཀྱང་དེ་ལྟར་བྱེད་དགོས་ཐུག་པའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་ལན་སྩལ་བ་མ་ཟད། རང་ལུས་མེར་སྲེག་གི་དོན་རྐྱེན་དེ་དག་གཙོ་བོ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་མི་ལོ་ ༥༠ རིང་དབང བསྒྱུར་བྱས་པའི་ཉེར་ལེན་གྱི་ཡིན་སྐོར་དང། འོན་ཀྱང་མགོན་པོ་གང་ཉིད་མཆོག་གིས་རྒྱ་ནག་དམར་པོའི་སྲིད་གཞུང་གི་ཆབ་སྲིད་ཀྱི་རྣམ་པར་བསྒྱུར་བཅོས་ཐོག་བོད་ཙམ་མ་ཟད། རྒྱ་ནག་སྐམ་སའི་ནང་དུའང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུར་ཐུགས་རེ་ཡོད་སྐོར་བཀའ་སྩལ། ཕྱོགས་མཚུངས་༸གོང་ས་མཆོག་གིས་མུ་མཐུད་བཀའ་ལན་སྩལ་དོན། ཕྱི་ལོ་ ༡༩༨༩ ལོར་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་རྗེས་བོད་མིའི་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད། དེ་རྗེས་ཕྱི་ལོ་ ༡༩༩༠ ཙམ་ནས་བོད་ཀྱི་མཐོ་སློབ་ཁག་ཏུ་ནང་ཆོས་ཀྱི་གཞུང་ཆེན་མོ་དང་འབྲེལ་བའི་སློབ་ཚན་རྣམས་སློབ་ཁྲིད་བྱ་རྒྱུར་དམ་བསྒྲགས་བྱས་ཡོད།
དེ་རྗེས་ཕྱི་ལོ་ ༢༠༠༨ ལོར་བོད་མི་བརྒྱ་ཕྲག་མང་པོ་རྐྱེན་འདས་སུ་གྱུར་བའམ་གར་སོང་ཆ་མེད་དུ་གྱུར་ཡོད། བོད་ཀྱི་དགོན་སྡེ་ཁག་གི་ནང་གྲྭ་བཙུན་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་སྤེལ་བཞིན་ཡོད། ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་བྱུང་ན་རྒྱ་ཡིག་ལས་བོད་ཡིག་ཐོག་སྤུས་དག་པ་བྱེད་ཐུབ། དེ་ནི་ནང་ཆོས་མཁས་དབང་ཚོའི་ཁྲོད་དུ་ཡོངས་གྲགས་ཤིག་ཆགས་ཡོད། དེར་བརྟེན་བོད་མི་ཚོར་རང་གི་སྐད་ཡིག་ཕྱུག་པོ་ཡོད་པ་དེར་སྤོབས་པ་ཡོད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མིའི་སྐད་ཡིག་ཐོག་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད། བོད་མི་ཚོ་འཚེ་བའི་ལས་ལ་ཡིད་ཆེས་བྱེད་མཁན་ཞིག་མིན། འོན་ཀྱང་རང་གི་མངོན་འདོད་རྣམས་ཕྱིར་འདོན་ཆེད་རང་ལུས་མེར་སྲེག་གི་ལམ་ནས་དེ་ལྟར་བྱས་པ་ཞིག་ཡིན་པ་ངོས་ཀྱིས་དྲན་བཞིན་ཡོད། ཅེས་སོགས་དང་། དེང་སྐབས་བོད་ནང་དམ་བསྒྲགས་བྱེད་བཞིན་པའི་གནས་སྟངས་དེ་ནི་དེ་སྔ་རིག་གནས་གསར་བརྗེའི་སྐབས་ཀྱི་གནས་སྟངས་བསྐྱར་ལོག་བྱས་པ་ཞིག་ཆགས་ཡོད། ཉེ་ལམ་དམར་པོའི་ལྟ་བ་མཁྲེགས་འཛིན་པ་བྷོ་ཤི་ལཡི་ (Bo Xilai) གོ་གནས་ནས་ཕབ་པ་དེས་རྒྱ་ནག་དབུ་ཁྲིད་མང་ཆེ་བས་བསྒྱུར་བཅོས་ཕྲན་བུ་གཏོང་རྒྱུའི་བསམ་བློ་ཡོད་པའི་རྣམ་འགྱུར་བསྟན་པ་ཞིག་ཆགས་ཡོད་སྐོར་བཀའ་སློབ་སྩལ།།