༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཆི་ཁ་གོར་རྟེན་གཞི་བྱས་པའི་ལོ་ཡོ་ལ་(LoyolaUniversity)གཙུག་ལག་སློབ་གྲྭས་གོ་སྒྲིག་འོག་མང་ཚོགས་ལ་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་ཡོད། མཛད་སྒོའི་ཐོག་མར་སྡིངས་ཆའི་སྟེང་ཡི་ཤུ་དང་ཁ་ཆེ། ནང་པ། ཇིའུ་སོགས་མཚོན་པའི་སློབ་ཕྲུག་ཁག་གཅིག་གིས་སྨོན་ལམ་བཏོན་རྗེས་གཙུག་ལག་སློབ་གྲྭའི་སྒྱུ་རྩལ་དང་ཚན་རིག་ཚན་པའི་འགན་འཛིན་སྐུ་ཞབས་ཕེ་རེངྐ་ཕེ་ནལ་Dean Frank Fennell ལགས་དང་ཡི་ཤུའི་བླ་མ་གྷ་རན་ཛི་ནི་ Father Garanzini ལགས་ཟུང་འབྲེལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བ་གོང་འཕེལ་གཏོང་ཐབས་ཀྱི་མཛད་རྗེས་ལ་ངོས་འཛིན་ཞུས་ཆེད་༸གོང་ས་མཆོག་ལ་ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད། དེ་ལྟར་ཕྱག་འཁྱེར་འབུལ་བཞེས་མཛད་རྗེས་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་གཙུག་ལག་སློབ་གྲྭར་ཐུགས་རྗེ་ཆེ་ཞུ་གནང་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། ངོས་ཀྱིས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འབད་བརྩོན་ཕྲན་བུ་བྱས་པ་དེར་ངོས་འཛིན་ཐོབ་པ་ཞིག་ཡིན་བསམ་བཞིན་ཡོད། ཆོས་ལུགས་ཁས་ལེན་མིན་ལ་མ་ལྟོས་པར་ང་ཚོར་བཟང་སྤྱོད་གལ་ཆེན་པོ་ཆགས་ཡོད། ཆོས་ལུགས་སོ་སོའི་ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་ཡོད་ཀྱང་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ལག་ལེན་དགོས་པའི་བསླབ་བྱ་གཅིག་མཚུངས་སུ་ཡོད། དེར་བརྟེན་སོ་སོའི་ཆོས་ལུགས་ཉམས་ལེན་བྱེད་བཞིན་དུ་ཆོས་ལུགས་གཞན་ལའང་གུས་བརྩི་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་སློབ་གཉེར་བ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཡོད། མཛད་སྒོ་གྲུབ་བསྟུན་༸གོང་ས་མཆོག་སྟོན་འཁོར་དང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་བཅས་ཁེ་ཎ་ཌར་མཁའ་ལམ་བརྒྱུད་ཆིབས་སྒྱུར་བསྐྱངས་ཏེ་ཉིན་དེའི་ཕྱེད་ཡོལ་དུ་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་ཝར་(Otawa)་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་རྗེས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།