༢༠༡༢ ཟླ་ ༤ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༦ ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་(Hawaii) མངའ་སྡེ་ཧ་ཝའི་གཙུག་ལག་སློབ་གྲྭ་ཆེན་མོའི་(University Of Hawaii) ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་སྟོང་ཚོ་དགུ་བརྒལ་བར་ཨ་ལོ་ཧའི་ནུས་པའི་ཐོག་ནས་ཞི་བདེ་གོང་མཐོར་གཏོང་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལཡོད་པ་མ་ཟད། སྐབས་དེར་མང་ཚོགས་ལ་དྲི་བ་ཞུ་རྒྱུའི་གོ་སྐབས་སྩལ་བ་ལྟར་མང་ཚོགས་ཀྱི་དྲི་བ་ཞིག་ལ་བཀའ་ལན་ཕེབས་དོན། འདས་པའི་ལོ་ལྷ་བཅུ་ལྷག་རིང་བོད་ལ་ཆ་མཚོན་ན་སྡུག་པོ་བྱུང་ཡང་། ཕྱོགས་གཞན་ཞིག་ནས་བལྟས་ན། བོད་ཁྱོན་ཡོངས་ལ་ཆིག་སྒྲིལ་གྱི་ནུས་པ་གསར་པ་བསྐྲུན་རྒྱུར་ཕན་ཐོགས་བྱུང་ཡོད། ངོས་ལ་ཆ་མཚོན་ན་སྡུག་བསྔལ་ཤུགས་ཆེ་བྱུང་ཡང་། དེ་ལས་གྲུབ་འབྲས་བཟང་པོ་དེ་འདྲ་ཡང་བྱུང་། རྒྱ་ནག་གཞུང་གི་སྡུག་སྦྱོང་དེས་བོད་མི་རྣམས་མི་ཡུལ་དུ་གྱར་ཏེ་ཕྱི་ཕྱོགས་སུ་མིག་ཕྱེ་པ་ལྟ་བུ་བྱུང་ཡོད། ངོས་རང་ལ་སྒེར་གྱི་ཚོར་བའི་ཐོག་ནས་བརྗོད་ན། མྱོང་ཚོར་ཧ་ཅང་མང་པོ་ཤོད་རྒྱུ་ཡོད། དཔེར་ན། འདས་པའི་ལོ་ལྔ་བཅུ་ང་གསུམ་དེའི་རིང་རྒྱ་གར་དུ་བཙན་བྱོལ་ལ་ཤེས་ཡོན་སྦྱང་བརྩོན་བྱ་རྒྱུའི་མྱོང་ཚོར་བཟང་པོ་ཞིག་བྱུང་། དེ་དང་ཆབས་ཅིག་དངོས་བདེན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུའི་གོ་སྐབས་མང་པོ་བྱུང་ཡོད། བོད་ནས་གནས་མཇལ་དུ་ཡོང་མཁན་ཚོར་ངོས་ཀྱིས་དེ་ལྟར་བརྗོད་ཀྱི་ཡོད། དེང་སྐབས་བོད་རང་སྐྱོང་ལྗོངས་དང་དེ་བཞིན་རྒྱ་ནག་གཞུང་ནས་ཆ་བགོས་བྱས་པའི་ཡུ་ནན་དང་། ཟི་ཁྲོན། མཚོ་སྔོན། ཀན་སུའུ་ཟེར་བའི་ཞིང་ཆེན་ནང་བོད་མི་རྣམས་སྔར་ལྷག་གིས་ཆིག་སྒྲིལ་གྱི་ནུས་པ་ཞིག་ཐོན་ཡོད་པ་དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད།
དེ་ལྟ་བུའི་ཆིག་སྒྲིལ་གྱི་ནུས་པ་དེ་རྒྱ་ནག་དམར་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་སྲིད་བྱུས་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད། ཅེས་བརྗོད་ཀྱི་ཡོད། དུས་རབས་ཉེར་གཅིག་འདིེ་བཞིན་གྲོས་མོལ་དང་ཞི་བདེའི་དུས་རབས་ཤིག་བཟོ་དགོས། ཞི་བདེ་ཡང་གྲོས་མོལ་བརྒྱུད་ནས་སྒྲུབ་དགོས་པ་རེད་ཅེས་བཀའ་ལན་སྩལ་ཡོད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་བྱམས་བརྩེ་རྟེན་མཆོག་སྐོར་ལ་བཀའ་སློབ་སྩོལ་སྐབས། བྱང་(Northern Ireland)ཨར་ལེན་གྱི་ནང་དུ་སྔ་མོ་ཟིང་འཁྲུག་ཅིག་སྐབས་སུ་དབྱིན་ཇིའི་དམག་མི་ཞིག་གིས་འགྱིག་གི་མེ་མདའ་བརྒྱབ་ནས་(Richard Moore)རི་ཆཱ་ཌ་མུ་རི་ལགས་ཀྱི་མིག་ལོང་བར་གྱུར་ཡོད། འོན་ཀྱང་ཁོང་གི་རྒྱུད་ལ་བྱམས་སྙིང་རྗེ་དང་བཟོད་སྒོམ་གྱི་བག་ཆགས་ཡོད་པར་བརྟེན། མེ་མདའ་རྒྱག་མཁན་ལ་འཁོན་འཛིན་མ་བྱས་པར་བྱམས་སྙིང་རྗེ་དང་གྲོགས་པོའི་འདུ་ཤེས་ཐོག་ནས་བཟོད་སྒོམ་གནང་ཡོད། ཅེས་བཀའ་སློབ་ཕེབས་ཡོད། ཡང་འཛམ་གླིང་གི་ཞི་བདེ་སྤྱི་དང་ཡང་སྒོས་ཧ་ཝའི་མངའ་སྡེའི་ནང་དུ་ཁུལ་དེར་གནས་སྡོད་བྱེད་བཞིན་པའི་གདོད་མའི་མི་རིགས་ཐོག་གི་དྲི་བ་ཞིག་ལ་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་ཕེབས་དོན།
ད་ལྟའི་ཆར་ས་ཁུལ་འདིར་གདོད་མའི་གོམས་གཤིས་རྒྱུན་འཛིན་ཐོག་འཛམ་གླིང་གི་མང་ཚོགས་གཞན་དང་གཉེན་སྒྲིག་གི་ལས་ལ་འཇུག་བཞིན་པ་དེ་དག་ནི་དུས་ཀྱི་འགྱུར་བ་དང་། དེ་ལྟ་བུའི་དུས་ཀྱི་འགྱུར་བར་དཔག་པའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་ལམ་ཞིག་ལ་འཇུག་དགོས་རྒྱུ་ངོས་སྒེར་ཐོག་ནས་གལ་ཆེ་བ་མཐོང་གི་འདུག འོན་ཀྱང་དེ་དག་ནི་གདོད་མའི་མི་རིགས་རྣམས་ཀྱིས་ཐག་གཅོད་བྱ་རྒྱུ་ཞིག་རེད། ཅེས་བཀའ་ལན་ཕེབས་ཡོད་པ་བཅས། །