༢༠༡༢ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུ།་
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཁེ་ཎ་ཌའི་གྲོང་ཁྱེར་ཆེ་གྲས་ཁག་གཅིག་ཏུ་ཆིབས་སྒྱུར་བསྐྱང་གཏན་འཁེལ་འདུག
ཧ་ཝ་ཡི་སྤྱི་ཚོགས་ཐེབས་རྩ་དང་དེའི་འབྲེལ་ཡོད་ཀྱི་གོ་སྒྲིག་པ་གཅིག་ལྕོགས་པེ་རི་དང་པ་མི་ལ་ཨོ་མིཏ་ཡར་བཅས་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་སྨིན་སྩལ་ཐོབ་སྟེ། ཨ་རི་ཧ་ཝ་ཡི་གཙུག་ལག་སློབ་གྲྭ་ཆེན་མོའི་སི་ཊན་ཤ་རིབ་བསྟི་གནས་ཁང་(Stan Sheriff Center)དུ་ཁུལ་དེའི་སློབ་གྲྭ་དང་། མཐོ་སློབ། གཙུག་ལག་སློབ་གྲྭ་ཆེན་མོ་བཅས་ཀྱི་སློབ་ཕྲུག་སྟོང་ཕྲག་མང་པོར་ནང་སེམས་ཀྱི་ཤེས་ཡོན་ཐོག་བཀའ་སློབ་སྩལ་གཏན་འཁེལ་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཧ་ཝ་ཡི་(Hawaii)མངའ་སྡེའི་ཧོ་ནོ་ལུ་ནུར་༸ཞབས་སོར་བཀའ་དྲིན་འཁོད་སྐབས་ཁུལ་དེའི་གྲོང་སྡེའི་སྤྱི་ཁྱབ་མཆོག་གནམ་ཐང་དུ་ཕེབས་བསུར་བཅར་རྒྱུ་ཡིན་འདུག
ཁུལ་དེར་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༡༤ ནས་ ༡༦ བར་མང་ཚོགས་ལ་བརྗོད་གཞི་འདྲ་མིན་ཐོག་བཀའ་སློབ་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ས་ཚིགས་ཁག་གཅིག་ཏུ་འཚམས་གཟིགས་མཛད་རྒྱུ་ཡིན་འདུག
དེ་བཞིན་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་ངོས་ནས་ཧ་ཝ་ཡི་ཕྱི་ཕྱོགས་ཀྱི་མང་ཚོགས་རྣམས་ལ་༸གོང་ས་མཆོག་གི་བཀའ་སློབ་རྣམས་དྲ་རྒྱ་བརྒྱུད་ནས་ཐད་ཀར་རྒྱང་སྲིང་གི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༤ ཉིན་འགྲེམས་སྟོན་ཁང་ཞིག་ཏུ་འཚམས་གཟིགས་མཛད་རྗེས་འགྲེམས་སྟོན་ཁང་དེ་ནས་མགོན་པོ་གང་ཉིད་མཆོག་ལ་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུ་རྒྱུ་ཡིན་འདུག
ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་བརྒྱད་སྟོང་ལྔ་བརྒྱ་བརྒལ་བར་ནང་སེམས་ཀྱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་བཀའ་སློབ་བཀའ་དྲིན་བསྐྱང་རྒྱུ་མ་ཟད། ཕྱི་ཚེས་ ༡༥ ཉིན་ས་གནས་ཡུལ་མིའི་འགོ་ཁྲིད་ཁག་གཅིག་དང་ལྷན་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་འདུག དེ་བཞིན་མགོན་པོ་གང་ཉིད་མཆོག་གི་ཧ་ཝ་ཡི་ས་གནས་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་མཇལ་འཕྲད་བསྐྱང་རྒྱུ་མ་ཟད། ཕྱི་ཚེས་ ༡༦ ཉིན་ས་གནས་ཡུལ་མི་གཙོ་བོར་གྱུར་བའི་སློབ་ཕྲུག་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧ་ཝ་ཡི་ཁུལ་དུ་ཆིབས་སྒྱུར་བསྐྱང་གཏན་འཁེལ་བ།
གསར་གནས།
འབྲེལ་གནས།