༢༠༡༢ ཟླ་ ༣ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །འདི་གར་རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་རྒྱ་རི་བུ་ཕྲུག་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ཉིན་བཏང་གནས་ནང་གསལ། བོད་ནང་རྒྱ་དམར་གྱིས་བཙན་བཟུང་རྗེས་བཙན་བྱོལ་ནང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་མཚན་གནས་རིམ་པར་འབུལ་བཞེས་ཀྱི་ལམ་སྲོལ་ཆགས་པ་ནས་བཟུང༌། རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་དང། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་བཅས་ཀྱི་དབུ་འཛིན་མཚན་བཞེས་ཀྱིས་བསྟན་འགྲོ་སྤྱི་བྱེར་ཕན་ཐོགས་རྒྱ་ཆེ་བྱུང་ཡོད།
སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་བསྟན་འགྲོའི་བསོད་ནམས་ཀྱིས་མ་ཐེག་པར་དགོངས་པ་གཞན་དོན་དུ་གཤེིགས་རྗེས་གནས་དུས་ཀྱི་རྐྱེན་པས་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་གསར་དུ་གཏན་ཁེལ་བྱུང་ཐུབ་མེད།
ད་ལན་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༣ པའི་སྐབས་སྔ་འགྱུར་རྙིང་མའི་བླ་ཆེན་ཁག་དང་། དགོན་སྡེ་ཁག་གི་སྐུ་ཚབ་བཅས་ཚོགས་འཛོམས་སར་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་གསོལ་འདེབས་ཞུ་རྒྱུ་སྤྱི་མོས་ཐག་བཅད་བཞིན། ཞེ་ཆེན་རབ་འབྱམས་རིན་པོ་ཆེ་དང་། རྫོགས་ཆེན་རིན་པོ་ཆེ། ཀཿཐོག་དགེ་རྩེ་རིན་པོ་ཆེ། གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ། མཁོ་ཁྱིམ་སྤྲུལ་སྐུ་རིན་པོ་ཆེ། རྙིང་མའི་སྤྱི་འཐུས་གཉིས་བཅས་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག་གི་དྲུང་དུ་ཆེད་བཅར་གྱིས་གསོལ་འདེབས་ཞུས་ཀྱང་སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་དགུང་ན་མཐོ་བ་དང་སྐུ་གཟུགས་བདེ་མིན་གྱིས་ཞལ་བཞེས་གནང་ཐབས་མ་བྱུང་།
དེ་རྗེས་ཤིམ་ལར་སྐུ་བཞུགས་གནང་ཡོད་པ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་དྲུང་དུ་གོང་གསལ་རིན་པོ་ཆེ་རྣམ་པ་དང་། སྐུ་ཚབ་བཅས་ཆེད་བཅར་གྱིས་གསོལ་འདེབས་ཨུ་ནན་ཞུས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་རྙིང་མའི་དབུ་འཛིན་གྱི་མཚན་གནས་ཞལ་བཞེས་ལེགས་ཐོབ་བྱུང་ཡོད། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་མཆོག་ནི། ཡར་འབྲོགས་སྣ་དཀར་རྩེའི་ཕུན་དཀྱིལ་ཞེས་པའི་ཁྱིམ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་ཟུང་གི་སྲས་སུ་རབ་བྱུང་ ༡༦ མེ་ཡོས་ཟླའི་ཡར་ཚེས་ ༡༣ ལ་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་ཏེ་སྐུ་འཁྲུངས། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་ངོས་འཛིན་གནང་། བགྲང་བྱ་ལྔ་པར་སྟག་ལུང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་། རྡོ་བྲག་ཆུ་བཟང་རིན་པོ་ཆེ་སྐུ་གོང་མ་པདྨ་ངེས་དོན་བསྟན་པའི་ཉི་མས་གཙུག་ཕུད་བཞེས་ཏེ། བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དཔལ་བཟང་པོ་ཞེས་སྤྲུལ་སྐུའི་མཚན་རྟགས་དང་གདན་ཐོབ་སོགས་དམིགས་བསལ་ཆེ་བར་གནང་བ་ནི་ཕྱི་མཐའ་ལ་གཟིགས་པ་གསལ། ཡོངས་འཛིན་ཀུན་བཟང་མཆོག་གི་མདུན་ནས་ཡི་གེ་འབྲི་ཀློག་སོགས་ཚེག་མེད་མཁྱེན་ཅིང་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་ཏུ་ཕེབས་བཞུགས་གནང་སྟེ་བྱང་པའི་ཕྱག་བཞེད་རྣམས་ལེགས་པར་གསན་བཞེས་གནང༌། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས། དེ་རྗེས་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུ་རིན་པོ་ཆེའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་བསླབ་སྡོམ་གསན་བཞེས་གནང་སྟེ་བསྟན་པའི་རྩ་ལག་ཏུ་གྱུར་བ་དང་། དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་པ་སོགས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་དུ་གྱུར་ཅིང་དབང་ལུང་མན་ངག་སོགས་གདུལ་བྱའི་འཕྲིན་ལས་ཕྱོགས་དང་མུ་མེད་པར་རྒྱས་བཞིན་བཞུགས། སླད་མར་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་རྣམས་ལྷུན་ཅིང་འགྲུབ་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་བཅས།།