༢༠༡༢ ཟླ་ ༣ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་ནང་ཚོང་དོན་གྱི་གྲོས་མོལ་སླད་འབྱོར་བཞིན་ཡོད་པར་ངོ་རྒོལ་ཆེད་རྒྱལ་ས་ལྡི་ལི་ཇན་ངྷར་མ་ངྷར་ས་གནས་སུ་རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ དང་སྐར་མ་ ༢༥ ཐོག་ཁམས་རྟའུ་ནས་ཡིན་པའི་བོད་མི་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ལྡི་ལི་གསར་པའི་ཇན་ངྷར་མ་ངྷར་ས་གནས་སུ་གློ་བུར་ལུས་སྟེང་དུ་སྣུམ་བླུགས་ནས་རང་ལུས་མེར་སྲེག་བཏང་སྟེ། གོམ་འགྲོས་ ༢༠ ལྷག་གནང་རྗེས་སར་འགྱེལ་ཡོད་འདུག སྐབས་དེར་མི་མང་གིས་ཁོང་གི་ལུས་ཐོག་ཏུ་འབར་བཞིན་པའི་མེ་གསོད་ཐབས་བྱས་འདུག ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས། (RanmamnoHar Lohia Hospital) ཞེས་པའི་སྨན་ཁང་དུ་ཁྲིད་དེ་མྱུར་སྐྱོབ་བྱེད་ཀྱི་ཡོད་འདུག
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནི། ཁམས་རྟའུ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༢༧ ཡིན་འདུག ཁོང་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་ཡོད་པ་དང་། སློབ་གྲྭ་མཐར་ཕྱིན་རྗེས་ལྡི་ལིར་གནས་སྡོད་གནང་མུས་ཡིན་འདུག་པ་བཅས། །
ལྡི་ལིར་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ།
གསར་གནས།
འབྲེལ་གནས།