༢༠༡༢ ཟླ་ ༣ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ། མདོ་སྨད་རྔ་པ་ནས་ཡིན་པ་ཕ་མིང་ལ་ཡེ་ཤེས་དང་མ་ཚེ་སྒྲོན་ཞུ་བ་གཉིས་ཀྱི་བུ། རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་རང་ལོ་ ༢༠ སོན་པ་ཁོང་གིས། རྔ་པ་རྫོང་མཁར་གཞུང་སྟོད་ཕྱོགས་ཀྱི་ལམ་སྟེང་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་གནང་པ་དང། སྐབས་དེར་རྒྱ་མིའི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་གཅར་རྡུང་བཏང་སྟེ་བཙན་འཁྲིད་བྱས་ཡོད་པ་རེད། གནས་ཚུལ་དེའི་འོག་ནས་ཕྱི་ལོ་༢༠༡༢ ཟླ་ ༣ ཚེས་ ༡༩ ཉིན་རྒྱལ་གཅེས་དཔའ་བོ་ཁོང་འདས་གྲོངས་སུ་གྱུར་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་སོགས་ཀྱིས་པུར་ཐལ་ནང་མི་ལ་སྤྲད་པ་ཙམ་ལས་གཞན་སྐུ་ཕུང་སོགས་གང་ཡང་རགས་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།
རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཡེ་ཤེས་ཚང་གི་བུ་ཡིན་ཞིང་། མིང་སྲིང་བཞི་ཡོད་པའི་ནང་གི་ཆེ་ཤོས་དེ་ཡིན་འདུག་ལ། ཁོང་ལོ་ན་བརྒྱད་ཙམ་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་སྐབས་དེར་ཀིརྟིའི་དགོན་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་ཞེས་པའི་ཀིརྟི་དགོན་པའི་སློབ་གྲྭའི་ནང་འཛུལ་ཞུགས་བྱས་ཤིང་། ༢༠༠༣ ལོར་སློབ་གྲྭ་སྒོ་རྒྱབ་རྗེས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་འདོན་ཆོས་སྤྱོད་སོགས་ལ་སློབ་སྦྱོང་རྩེར་སོན་གྱི་གྲས་ཤིག་དང་ཉམ་ཆུང་ཚུལ་མཐུན་ཞིག་ཡིན་འདུག ཁོང་ནི་ད་བར་རང་ལུས་མེ་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་མི་གྲངས་ ༣༠ བྱུང་ཡོད་པ་དང་། དེའི་ནང་ནས་སྐུ་སྲོག་ཤོར་མཁན་ ༢༡ པ་དེ་ཆགས་ཡོད་པ་རེད།
ད་ལྟའི་སྐབས་རྒྱ་ནག་གཞུང་གིས་བོད་ནང་དུ་དགོན་སྡེ་ཁག་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་ལས་དོན་རུ་ཁག་བཏང་སྟེ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བ་དང་། དེ་བཞིན་བོད་མི་ཚོའི་རང་གི་རྩ་བའི་བླ་མའི་སྐུ་པར་སྒྲིག་གཤོམས་བྱེད་མི་འཇུག་པར་དེ་ལས་ལྡོག་སྟེ་རྒྱ་གཞུང་གི་དཔོན་རིགས་མི་སྣའི་འདྲ་པར་སྒྲིག་གཤོམས་བྱེད་རྒྱུར་བཙན་བཀའ་གཏོང་བ། སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་སོགས་རྒྱ་ཡིག་ནང་བསྒྱུར་སྒྲིག་གི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་གནས་ཚུལ་བཅས་ལ་བརྟེན་ནས། ཕྱི་ལོ་ ༢༠༡༡།༣།༡༦ ནས་ད་བར་ལོ་འཁོར་གཅིག་ཙམ་གྱི་རིང་ལ་བོད་ནང་དུ་ཕོ་མོ་སེར་སྐྱ་རྒན་དར་གཞོན་གསུམ་དབྱེར་མེད་ཀྱི་བོད་མི་དཔའ་བོ་རང་ལུས་མེར་སྲེག་གཏོང་མཁན་ ༣༠ བྱུང་ཡོད་པ་དེ་དག་གི་ནང་ནས་ ༢༡ སྐུ་སྲོག་ཤོར་བ་དང་། བོད་མི་མང་པོ་ཞིག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད། འོན་ཀྱང་རྒྱ་གཞུང་གི་དྲག་གནོན་ལ་མ་ལྟོས་པར་བོད་མི་ཚོའི་སེམས་ཤུགས་སྔར་ལྷག་ཇེ་ཆེར་སོང་ནས་ཞི་རྒོལ་གྱི་ལས་འགུལ་རྒྱ་ཁྱབ་ཏུ་འགྲོ་བཞིན་པ་མ་ཟད། སློབ་མ་མི་ཉུང་བས་ཞི་རྒོལ་སྤེལ་དང་སྤེལ་མུས་མཆིས་པ་དེ་ཛ་དྲག་ཏུ་འགྲོ་བཞིན་ཡོད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་ཞི་རྒོལ་དང་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་རིམ་བཞིན་འདས་གྲོངས་སུ་གྱུར་བ་སོགས་ཀྱི་ཆེད་དུ་གསར་འགོད་གསལ་བསྒྲགས་བྱས་ནས། རྒྱ་ནག་གཞུང་དང་རྒྱལ་སྤྱི། རྒྱལ་ཁབ་དང་ཚོགས་སྡེ་ཁག་ལ་རེ་འདུན་ཞུ་བཞིན་པ་ལྟར། རྒྱ་ནག་གཞུང་ཕྱོགས་ནས་ད་ལྟའི་བར་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་གནས་ཚུལ་ལ་བསམ་གཞིགས་དང་། རྒྱ་གཞུང་གིས་དྲག་གནོན་འོག་ཡ་ང་བའི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་ཚོས་རང་སྲོག་བློས་བཏང་གིས་༧གོང་ས་མཆོག་བོད་དུ་ཕེབས་དགོས་པ་དང་། བོད་མིར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་རེ་འདུན་འདོན་བཞིན་པ་དེ་ནི། བོད་མི་ཞིག་དང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ལ་རང་ཆས་སུ་ཡོད་པའི་ཐོབ་ཐང་རྩོད་པ་ཞིག་ཡིན་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་གཙིགས་ཆེར་འཛིན་མཁན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ཁག གནད་ཡོད་མི་སྣ། མང་ཚོགས་བཅས་ཀྱིས་བོད་ནང་གི་བོད་མི་དེ་དག་གིི་རེ་འདུན་ལ་ངེེས་པར་དུ་བདེན་པའི་རྒྱབ་ལངས་བྱེད་རོགས་ཞེས་ནན་པོ་ཞུ་རྒྱུ་ཡིན།།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ཉིན།།