༢༠༡༢ ཟླ་ ༣ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བའི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༩ སྐབས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བོད་མིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་གསུང་དོན། ཕྱི་ལོ་ ༢༠༠༩ ཟླ་ ༢ ནས་ད་བར་བོད་མི་ ༣༠ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ཞི་རྒོལ་བྱས་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་འུ་ཐུག་ཐབས་ཟད་ཀྱི་བྱ༌སྤྱོད་དེ་རིགས་སྤེལ་དགོས་ཐུག་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་། བོད་མི་ཚོའི་ཆོས་དད་དང་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་ཤུགས་ཆེ་རུ་བཏང་བའི་སྲིད་བྱུས་རྒྱུ༜ན་ཁྱོངས་བྱས་པ་དེ་ལས་བྱུང་བ་ཞིག་ཡིན་པ་མ་ཟད། བོད་མི་ཚོས་མར་མེ་ཁྲོམ་སྐོར་དང་སྐད་འབོད་ཀྱི་ལམ་ནས་རྒྱ་གཞུང་གི་སྲིད་བྱུས་དེར་ཞི་རྒོལ་བྱེད་སྐབས་རྒྱ་གཞུང་གིས་སྐབས་གསུམ་ལ་བོད་མི་ཞི་རྒོལ་བ་ཚོ་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། མདེལ་ཆར་ཕབ་སྟེ་ཉུང་མཐར་བོད་མི་ཞི་རྒོལ་བ་གསུམ་དམར་གསོད་དང་བཅུ་ཕྲག་ཙམ་ལ་རྨས་སྐྱོན་བཏང་ཡོད་པར་བརྟེན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པར་ཧ་ཅང་བློ་འཚབ་ཡོད། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་འཁོད་ཡོད་ཀྱང་བོད་རང་སྐྱོང་ལྗོངས་ཁུལ་དུ་ད་ལྟའང་བོད་མི་ཚོའི་སྨྲ་བརྗོད་དང་ཆོས་དད་དང་། དེ་བཞིན་རིག་གཞུང་གཅེས་འཛིན་བྱ་རྒྱུའི་རང་དབང་སོགས་ལ་དམ་བསྒྲགས་བྱེད་མུས་ཡིན། ཞེས་སོགས་འཁོད་པ་མ་ཟད། གཞན་ཡང་རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཡུལ་ཁྲིམས་ལ་སྲུང་བརྩི་མི་་བྱེད་མཁན་གྱི་ཉེས་ཅན་པ་ཤ་སྟག་ཡིན་པའི་ཉེས་འཛུགས་བྱས་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐབས་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། གསལ་བཤད་གནང་དོན། ཕྱི་ལོ་ ༢༠༡༡ ཟླ་ ༣ ནང་བོད་མི་དགེ་འདུན་པ་ན་གཞོན་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད། སྐབས་དེར་རྒྱ་ནག་གཞུང་གིས་བོད་མི་གསུམ་གྱིས་ཁོང་མེར་སྲེག་བཏང་སྟེ་བཀྲོངས་ཐབས་བྱས་པའི་ཉེས་འཛུགས་འོག་བོད་མི་གསུམ་པོ་ལོ་ ༡༠ དང་ ༡༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་རྗེས། བོད་མི་གསུམ་པོ་དེ་དག་ཁྲིམས་ཁང་དུ་ཁྲིམས་བཤེར་བྱེད་སྐབས་ཀྱི་གནས་སྟང་ཇི་ཡིན་རྒྱ་ནག་གཞུང་གིས་ཞིབ་ཕྲའི་གསལ་བཤད་གང་ཡང་བྱས་མེད། རྒྱ་ནག་གཞུང་གི་འདས་པའི་ཁྲིམས་ཞིབ་བྱས་པ་དེ་དག་རྒྱལ་སྤྱིའི་དྲང་བདེན་གྱི་ཁྲིམས་ལུགས་གནས་ཚད་དང་མཐུན་པ་ཞིག་བྱུང་མེད། དེར་བརྟེན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་སྲིད་གཞུང་ལ་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ནི། ༡༽ བོད་མིའི་ཆོས་དད་དང་སྨྲ་བརྗོད་ཀྱི་རང་དབང། དེ་བཞིན་རིག་གཞུང་སྲུང་སྐྱོབས་ཀྱི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་བོད་མི་ཚོའི་སེམས་ནང་འཁོན་འཛིན་བཟོ་བཞིན་ཡོད། དེར་བརྟེན་སྲིད་བྱུས་དེ་དག་ལ་ཡོ་བསྲང་བྱེད་དགོས། ༢༽རང་ལུས་མེར་སྲེག་གཏོང་མཁན་བོད་མི་ཁག་གཅིག་རྒྱ་མིའི་ཉེན་རྟོག་དམག་མིས་བཙན་ཁྲིད་བྱས་པ་རྣམས་ད་ལྟ་གང་དུ་ཡོད་མེད་དང་གནས་སྟངས་ཇི་འདྲ་ཡིན་མིན་གསལ་བཤད་གནང་རྒྱུ། ༣༽འཛིན་བཟུང་བྱས་པའི་བོད་མི་སྐྱ་སེར་ཚོའི་གནས་སྟངས་སྐོར་གསལ་བཤད་དགོས་པ། ༤༽ བོད་མིའི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་གནང་རྒྱུ། ༥༽རང་དབང་ཅན་གྱི་རྟོག་ཞིབ་ཚོགས་མི་བོད་ཀྱི་ས་ཁུལ་ཁག་ཏུ་གཏོང་རྒྱུ་སོགས་འཁོད་ཡོད་འདུག་པ་བཅས།།
རྒྱ་གཞུང་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་ནག་ཉེས་བཙུགས་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐྱོན་བརྗོད་ཤུགས་ཆེ་གནང་བ།
གསར་གནས།
འབྲེལ་གནས།