༢༠༡༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀི་མུན་(Ban Ki-moon)མཆོག་གིས་བོད་མི་ཟས་བཅད་ངོ་རྒོལ་བ་གསུམ་གྱི་གཟུགས་པོའི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་གསུངས་ཡོད་པ་ཁོང་གི་མགྲིན་ཚབ་པ་མར་ཊིན་ནེ་སར་ཀི་(Martin Nesirky)མཆོག་གིས་བརྗོད་དོན། བདུན་ཕྲག་བཞི་སོང་ལ་ཉེ་བའི་བོད་མི་ཟས་བཅད་ངོ་རྒོལ་བ་གསུམ་གྱི་གཟུགས་པོའི་གནས་སྟངས་ཐད་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་ཧ་ཅང་ཐུགས་འཚབ་འདུག་ཅེས་དང། གཞན་ཡང་རེས་གཟའ་ཟླ་བའི་ཉིན་སྤྱི་ཁྱབ་དྲུང་ཆེ་ལས་རོགས་སྐུ་ཞབས་ཨི་ཝན་སི་མོ་ནོ་ཝིཀ་(Ivan Simon vic)མཆོག་ནས་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། ཁོང་གིས་དེ་ཉིན་རྒྱ་ནག་གཞུང་ཚབ་པ་གཞོན་པ་དང་ཐུག་འཕྲད་ཀྱིས་བཀའ་མོལ་གནང་ཡོད། ཕྱོགས་མཚུངས་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནས་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་འདི་གར་བཏང་གནས་ནང་དོན། དེང་སྐབས་ཇི་ནི་ཝར་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༩ སྐབས་འདིར་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཟླ་ ༣ ཚེས་ ༡༣ རེས་གཟའ་ལྷག་པའི་ཉིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེང་སྐབས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་ཚོགས་པ་ཁག་གིས་འཕྲལ་མར་བར་བཞུགས་དགོས་པའི་འབོད་སྐུལ་ཞུས་ཀྱང་ཡོད་པ་བཅས།།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་བོད་མི་ཟས་བཅད་ངོ་རྒོལ་བ་གསུམ་ལ་སེམས་འཚབ་ཡོད་སྐོར་གསུངས་པ།
གསར་གནས།
འབྲེལ་གནས།