༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༩ ཉིན་འདི་གར་སུད་སི་དོན་གཅོད་ལས་ཁུངས་ཀྱི་ཟླ་བ་རྒྱ་མཚོ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཅན་དུ་གྱུར་བཞིན་ཡོད། དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༢ ནས་བཟུང་དགེ་འདུན་པ་དང་སློབ་ཕྲུག བུད་མེད་བཅས་མི་གྲངས་ ༢༦ ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དང་ཆོས་དད་རང་དབང་གཙོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་ལ་ངོ་རྒོལ་བྱེད་དགོས། ཞེས་འཇི་ནི་ཝར་ཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༡༩ ནང་ཡོད་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ལེམ་ཨན་ལྡི་རི་ཀེན་མཆོག་ནས་གསུངས་ཡོད། ཁོང་ནས་ཉེ་ལམ་བྱུང་བའི་བོད་མི་གསུམ་གྱི་རང་ལུས་མེར་སྲེག་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད་པ་མ་ཟད་། ལྷག་པར་དུ་བོད་ཤར་ཕྱོགས་ནས་ཡིན་པ་རང་ལོ་ ༡༨ ཅན་རྡོ་རྗེ་ལགས་ནས་རང་ལུས་མེར་སྲེག་བཏང་སྟེ་སྐུ་སྲོག་ཤོར་བའི་སྐོར་ཟུར་བཏོན་གནང་ཡོད།
དེ་ནི་ཕྱི་ལོ་ ༢༠༡༢ ཟླ་ ༣ ནང་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་གཏོང་མཁན་གསུམ་བྱུང་བ་དེ་དག་ཡིན། ཕྱི་ཟླ་ ༣ ཚེས་ ༣ ཉིན་རང་ལོ་ ༢༠ ཡིན་པའི་སློབ་མ་བུ་མོ་ཚེ་རིང་སྐྱིད་ལགས་ནས་ཉི་མ་གྲོང་སྡེའི་ནང་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ཡང་ཟླ་ ༣ ཚེས་ ༤ ཉིན་རང་ལོ་ ༣༢ ཅན་བུ་ཕྲུག་བཞིའི་ཨ་མ་ཡིན་པ་རིན་ཆེན་ནས་རྔ་པ་ཀིརྟི་དགོན་པའི་རྒྱ་གཞུང་ཉེན་རྟོགས་ལས་ཁུངས་ཀྱི་སྒོ་མདུན་དུ་རང་ལུས་མེར་སྲེག་བཏང་འདུག དུས་ཚོད་ཛ་དྲག་ཅན་དེའི་སྐབས་ང་ཚོས་བོད་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཞུ་བཞིན་ཡོད། རྒྱ་གཞུང་ནས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པར་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། བོད་མི་རྣམས་ཀྱི་ཆོས་དད་རང་དབང་དང་། གཞིས་རྩའི་འགྲོ་བ་མིའི་ཐོབ་ཐང་གི་དགོས་འདུན་བཏོན་མཁན་རྣམས་ལ་རྒྱ་གཞུང་ནས་དམར་གསོད་གཏོང་བཞིན་པ་འདི་ནི་འགྲོ་བ་མི་རིགས་ཀྱི་སྤྱི་ཁྲིམས་དང་འགལ་བ་ཡིན་པ་མ་ཟད། དེས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་དང་འགལ་འཛོལ་བྱུང་ཡོད། ཅེས་ལྕམ་སྐུ་ལེ་མ་ཨན་ལྡི་རི་ཀེན་ནས་གསུངས་ཡོད། ལྕམ་སྐུ་མཆོག་ནི་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འཐུས་མི་ཞིག་ཡིན།
གཞན་ཡང་ཁོང་གིས་བོད་ནང་གི་བོད་མི་དང་ལྷག་པར་དུ་བོད་ཤར་ཕྱོགས་སུ་ཡོད་པའི་བོད་རིགས་རྣམས་ཀྱིས་ཞི་བའི་ཐོག་ནས་རྒྱ་གཞུང་གི་གདུག་རྩུབ་བྱ་སྤྱོད་ལ་འགོག་རྒོལ་ཤུགས་ཆེ་བྱེད་བཞིན་པ་གསལ་པོ་མངོན་གྱི་འདུག རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྙན་ཐོ་ལྟར་ན། ད་ལྟའི་ཆར་བོད་ནང་ཧ་གོ་བ་ཆབ་སྲིད་བཙོན་པ་གྲངས་ ༨༣༠ ཡོད་པ་དང་། ཕྱི་ལོ་ ༢༠༡༢ ཟླ ༡ ཚེས ༢༣ དང་༢༤། ༢༦ བཅས་ལ་རྒྱ་གཞུང་གི་ཉེན་རྟོགས་པས་འདུ་འཛོམས་བྱུང་བའི་ཞི་བའི་སྐད་འབོད་གནང་མཁན་བོད་མི་རྣམས་ལ་མེ་མདའ་བརྒྱབ་སྟེ་མི་ལྔ་བསད་པ་དང་མི་གྲངས་ ༦༠ ལྷག་ཙམ་རྨས་སྐྱོན་དང་འགའ་རེ་འཇུ་བཟུང་གིས་གང་སོང་ཆ་མེད་གྱུར་ཡོད།
ཕྱི་ལོ་ ༢༠༠༨ ཟླ་ ༣ ཞི་རྒོལ་ཆེན་མོ་བྱུང་རྗེས་རྒྱ་གཞུང་ནས་བོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་མཁས་དབང་རྟོག་ཞིབ་ཆེད་ཕེབས་རྒྱུར་བཀག་བསྡོམས་བྱས་པ་དེར་བློ་ཕམ་དང་ངོས་ལེན་མེད་པའི་གནས་སྟངས་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ནས་མཁས་དབང་དེ་རྣམས་ལྷག་པར་དུ་ཆོས་དད་རང་དབང་གི་ཞིབ་འཇུག་མཁས་དབང་རྒྱ་གཞུང་ནས་ཕྱི་ལོ་ ༢༠༠༤ ལོར་མགྲོན་འབོད་བྱས་པ་ལྟར། ད་ལྟའི་འཆར་ཡང་ངེས་པར་དུ་བོད་ནང་ཕེབས་ཐུབ་པ་གནང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་ནི་ཐམ་པི་ལེའི་ལས་འཆར་ནང་། བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་དེ་དག་ངེས་པར་དུ་སེལ་དགོས་པ་དང་། ང་ཚོས་མི་རིང་བར་བོད་ནང་གི་ཉེས་མེད་བོད་མི་རྣམས་སྐྱོབ་རྒྱུར་སྐུལ་དེད་གོ་འདོད་ཡོད་ཞེས་ནན་བརྗོད་གནང་འདུག་པ་བཅས།།
མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ནས་བོད་དོན་ལ་ཐེ་བྱུས་གནང་དགོས་གསུང་པ།
གསར་གནས།
འབྲེལ་གནས།