༢༠༡༢ ཟླ་ ༣ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ནས་ ༢༤ བར་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་ཚོགས་པ་ལྟར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ཟུར་སྣོན་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་བ།
གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ཟུར་སྣོན་གྲོས་ཆོད།
སྔོན་གླེང།
༄༅། །བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་འཛུལ་མ་བྱས་གོང་དར་གུད་ཀྱི་གནས་སྟངས་ཇི་འདྲ་ཞིག་བྱུང་ཡོད་ནའང་བོད་མི་རིགས་རིག་གཞུང་དང་བཅས་པའི་ཆོས་སྲིད་གང་ཅིའི་གཞི་རྩའི་རང་དབང་རྣམས་གཏན་བརླག་ཏུ་མ་སོང་བར་དུས་རབས་ཕལ་མོ་ཆེར་རང་དབང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱད་ཡོད། འོན་ཀྱང་རྒྱ་གཞུང་གིས་བོད་འདི་བཙན་བཟུང་བྱ་རྒྱུའི་ངན་གཡོའི་ཕུགས་བསམ་དུས་རིང་མོ་ཞིག་ནས་ཡོད་པ་བཞིན། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་ཏུ་དམར་ཤོག་གཅིག་སྡུད་དབང་འཛིན་རིང་ལུགས་བྱུང་སྟེ་རིམ་བཞིན་བོད་དུ་དྲག་པོའི་བཙན་འཛུལ་གྱིས། མཐར་ཕྱི་ལོ་ ༡༩༥༩ ལོར་བོད་ལྗོངས་ཡོངས་རྫོགས་རྒྱ་ཡིས་བཙན་བཟུང་བྱས་པ་ནས་བཟུང། བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་དངོས་སུ་ལག་བསྟར་བྱས་ཏེ་ཡུལ་གྱི་བདག་པོ་བོད་མི་རྣམས་ལ་གདུག་རྩུབ་མནར་གཅོད་ཚད་ལས་བརྒལ་བ་རྒྱུན་ཆད་མེད་པར་བཏང་བར་བརྟེན། བོད་ནང་ཞི་རྒོལ་གྱི་ལས་འགུལ་བར་མཚམས་མ་ཆད་པར་བྱུང་ཡོད་པ་དང། ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་དང། དེ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་བོད་རྔ་པ་ནས་ཡིན་པ་རང་ལོ་ ༢༠ སོན་པ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་རྔ་པ་རྫོང་གི་རང་ལོ་ ༡༨ སོན་པ་གྲྭ་དགེ་པེ་ལགས་བར་ཁྱོན་བོད་མི་སྐྱ་སེར་གྲངས་ ༢༧ གྱིས་རང་ལུས་མེར་བསྲེགས་བཏང་སྟེ། དེ་དག་གི་ཁྲོད་ནས་མི་གྲངས་ ༢༠ ཡི་སྐུ་སྲོག་ཤོར་བ་བཅས་གཞིས་ལུས་བོད་མི་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མིའི་བདེན་དོན་སྤྱི་དང། ཁྱད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། བོད་མི་ཚོར་རང་དབང་དང་ཐོབ་ཐང་དགོས་པ། བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་དང་བཅས་འཚེ་མེད་ཞི་བའི་སྒོ་ནས་རྩོད་ལེན་གྱི་ལས་འགུལ་རྒྱུན་མ་ཆད་པར་སྤེལ་བར་རྒྱ་གཞུང་གིས་དྲག་གནོན་ཚད་མེད་བཏང་དང་གཏོང་བཞིན་པ་རྣམས་བཟོད་ཐབས་བྲལ་ཏེ་རང་ལུས་མེར་བསྲེགས་སོགས་ལས་འགུལ་སྔ་རྗེས་རིམ་པར་སྤེལ་བའི་ཁྲོད་རྩ་ཆེའི་སྐུ་སྲོག་ཤོར་བ་དང། ད་དུང་དེ་བས་མང་བ་འཛིན་བཟུང་དོ་དམ་འོག་གར་སོང་ཆ་མེད་དང་སྡུག་སྦྱོང་མནར་གཅོད་མི་བཟད་པ་མྱངས་དང་མྱོང་བཞིན་པ་རྣམས་ལ་བཙན་བྱོལ་བོད་མི་ཡོངས་ཀྱིས་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ཁོང་ཚོའི་དགོས་འདུན་རྣམས་ཡོངས་སུ་མངོན་འགྱུར་ཡོང་ཐབས་སླད་ཛ་དྲག་གི་ལས་འགུལ་སྣ་མང་སྤེལ་འཆར་བཅས་འཁོད་པའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༨ འཁོད་པ་ཞིག་ད་ལམ་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༣ པ་དབུ་འཛུགས་ཀྱི་ཉིན་དང་པོར་བགྲོ་གླེང་ཞིབ་རྒྱས་དང་བཅས་སྣོལ་འཇོག་གནང་ཟིན་ནའང་ད་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པ་དབུ་འཛུགས་གནང་སྟེ་ཉིན་གྲངས་ ༦ སོང་བའི་བར་དུ་ཨ་མདོ་རེབ་གོང་རོང་བོ་དགོན་པའི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་ཟླ་འདིའི་ཚེས་ ༡༤ ཉིན་རོང་བོ་དགོན་པའི་མདུན་ཐང་དང། ཨ་མདོ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་ཟླ་འདིའི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་རྔ་པ་རྫོང་མཁར་སྟོད་ཕྱོགས་ཀྱི་གཞུང་ལམ་སྟེང། ཨ་མདོ་རེབ་གོང་ཤ་སྦྲང་སྡེ་པའི་བོན་རྒྱ་ཚོ་བ་ནས་ཡིན་པ་བསོད་ནམས་དར་རྒྱས་ལགས་ཀྱིས་ཟླ་འདིའི་ཚེས་ ༡༧ ཉིན་རེབ་གོང་རོང་བོ་རྒྱ་ཐང་བཅས་སོ་སོར་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བ་བཅས་ཁྱོན་ད་བར་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་ ༣༠ དང། དེའི་ནང་ནས་མི་གྲངས་ ༢༢ འདས་གྲོངས་སུ་གྱུར་ཡོད།
དེ་བཞིན་དུ་མཚོ་སྔོན་མཚོ་ལྷོ་དང། རྨ་ལྷོ་སོགས་ས་གནས་གང་ས་ནས་སློབ་ཕྲུག་སྟོང་ཕྲག་དུ་མས་”༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་མི་རིགས་དང། སྐད་ཡིག་ལ་རང་དབང་དགོས་” ཞེས་སྐད་འབོད་རྒྱག་བཞིན་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཤུགས་ཆེ་བྱས་པར་རྒྱ་གཞུང་གིས་དྲག་ཆས་དམག་དཔུང་དང། ས་གནས་ཉེན་རྟོག་པ་ཕོན་ཆེན་བཏང་སྟེ་དྲག་གནོན་གྱིས་གང་བྱུང་འཛིན་བཟུང་དང། སློབ་གྲྭ་སྒོ་བརྒྱབས་པའི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་པ་དང། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ལས་འགུལ་ཇེ་མང་སྤེལ་བཞིན་ཁོངས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་མི་གསུམ་གྱིས་ཟས་བཅད་ངོ་རྒོལ་ཉིན་གྲངས་ ༣༠ རིང་གནང་བ་དང། གཞན་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གོམ་བགྲོད་དང་བསྐོར་བསྐྱོད་སོགས་ལས་འགུལ་སྣ་ཚོགས་སྤེལ་གནང་མཁན་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ཕྱི་ཚེས་ ༡༩ ཉིན་སེམས་ཚབས་ཆེན་པོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ལས་རིམ་འགྲོ་བཞིན་པ་འཕྲལ་མ་ཉིད་དུ་མཚམས་འཇོག་གིས་ཛ་དྲག་གི་གནས་སྟངས་འདི་དག་ཐོག་བགྲོ་གླེང་བྱེད་དགོས་པའི་གྲོས་འཆར་བཏོན་པ་བཞིན་སྔོན་བསྒྲིགས་ཟིན་པའི་ལས་རིམ་རྣམས་མཚམས་འཇོག་གིས་བོད་ནང་གི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་ཐོག་བགྲོ་གླེང་ཞིབ་ལྷུག་གནང་སྟེ། བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་རང་དབང་རྩོད་ལེན་ཆེད་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་རྗེས་དྲན་གྱིས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང། ཕྱི་ཚེས་ ༡༤ ཉིན་གདུང་སེམས་མཉམ་བསྐྱེད་གྲོས་ཆོད་ཡིག་ཆ་ཨང་ ༦ པ་བཞག་ཟིན་པའི་ཐོག་ཟུར་སྣོན་གྱི་གྲོས་ཆོད་ཅིག་འཇོག་དགོས་གལ་ཆེར་མཐོང།
གྲོས་ཆོད།
༡༽གོང་དུ་ཇི་ལྟར་གསལ་བ་བཞིན་གཞིས་བཞུགས་དཔའ་བོ་དཔའ་མོ་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་མི་རིགས་དང། སྐད་ཡིག་ལ་རང་དབང་དགོས་པའི་འབོད་ཚིག་དང་བཅས་རང་ལུས་ཚུན་ཞུགས་འབུལ་གྱིས་ལེགས་སྐྱེས་སུ་འབུལ་གནང་གི་གཟི་བརྗིད་ལྡན་ཞིང། དཔའ་མཛངས་སྙིང་སྟོབས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡི་རངས་བསྔགས་བརྗོད་དང་འབྲེལ་རྩ་ཆེའི་སྐུ་སྲོག་ཤོར་བ་རྣམས་དང། འཛིན་བཟུང་དོ་དམ་འོག་སྡུག་སྦྱོང་མནར་གཅོད་མི་བཟད་པ་མྱངས་དང་མྱོང་བཞིན་པ་བཅས་ལ་སྙིང་དབུས་ནས་གུས་བཏུད་དང་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་ཆབས་ཅིག་རྒྱ་གཞུང་གིས་འཚེ་མེད་ཞི་བའི་ལས་འགུལ་བའི་དགོས་འདུན་ཁག་ལ་རྩིས་མེད་རྡོག་རོལ་ཐོག་དྲག་དཔུང་གིས་དྲག་གནོན་བྱས་པར་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ་ཡིན།
༢༽ད་ལམ་གྲོས་ཚོགས་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་གཏན་འབེབས་གནང་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༦ པའི་དོན་ཚན་ཁག་ལ་མཇུག་གནོན་ཞུ་རྒྱུ
༣༽དེའི་ཐོག་བཀའ་སྤྱི་གཉིས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་གཙོས་ཞི་བའི་ལས་འགུལ་དང་འབྲེལ་བའི་ཤིན་ཏུ་ཛ་དྲག་ཆེ་བའི་གནས་སྟངས་རྣམས་ཞིབ་འགོད་ཀྱིས་བོད་མིའི་ཚེ་སྲོག་སྐྱོབ་ཐབས་དང་དགོས་འདུན་རྣམས་འགྲུབ་ཐབས། བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་བཅས་ཀྱི་ཆེད་སྐུ་ཚབ་ཚོགས་པ་ཛ་དྲག་ངང་འཕྲལ་མར་གཏོང་གནང་ཡོང་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་འབོད་ཀྱི་སྙན་ཞུ་ནན་ཏན་ཞིག་གྲོས་ཚོགས་འདི་ཐོག་ནས་འབུལ་ལམ་ཞུ་རྒྱུ།
༤༽བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་འོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་མི་གསུམ་གྱིས་བོད་ནང་གི་གནས་སྟངས་ཛ་དྲག་སླད་ཟས་བཅད་ཞི་བའི་ངོ་རྒོལ་ཉིན་གྲངས་ ༣༠ སྤེལ་བའི་མཚམས་རྒྱལ་ཚོགས་ནས་ཡིག་ཐོག་ངོས་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས་དེ་དག་ལག་བསྟར་དོན་འཁེལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ།
༥༽མཉམ་འབྲེལ་རྒྱལ་ཚོགས་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་བཅས་པས་དེང་བོད་ནང་ཧ་ཅང་ཛ་དྲག་ཆེ་བའི་གནས་སྟངས་རྣམས་གསན་གཟིགས་གནང་བཞིན་ཡོད་ནའང། གནོན་ཤུགས་དབང་གིས་མ་གསན་པ་དང་མ་གཟིགས་པ་ལྟ་བུའི་བདག་སྤྲོད་མེད་པར་སྐྱུར་འཇོག་གནང་བཞིན་པའི་གནས་སྟངས་འདིར་ང་ཚོ་བོད་མི་རྣམས་ཆེས་བློ་ཕམ་དང་བཅས་བདེན་རྒྱབ་དཔུང་རོགས་གནང་རན་པའི་དུས་ལ་བབ་ཡོད་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ།
༦༽དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སོགས་ཡིག་ཆའི་ནང། མི་རིགས་དབྱེ་འབྱེད་མེད་པའི་འདྲ་མཉམ་གྱི་རང་བཞིན་དང། མི་རིགས་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་བེད་སྤྱོད་བྱ་རྒྱུར་བཀག་འགོག་མི་ཆོག་པ་དང། དབྱེ་འབྱེད་མི་ཡོང་བར་འགན་སྲུང་བྱེད་དགོས་སོགས་འཁོད་དོན་བཞིན་རྒྱ་གཞུང་གི་དཔོན་རིགས་ཚོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བརྩི་བཀུར་ཉམས་ལེན་མི་བྱེད་མཁན་ལ་ངོས་འཛིན་གསལ་པོས་མཛད་ཕྱོགས་གནང་གལ།
༧༽བོད་ནང་གཞིས་བཞུགས་བོད་མི་ན་གཞོན་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་གཅེས་འཛིན་བླ་མེད་ཀྱིས་རང་སྲོག་ཚུན་བློས་གཏོང་གནང་དང་གནང་བཞིན་པར་བསྔགས་བརྗོད་ཞུ་བ་དང་སྦྲགས། རྒྱ་གཞུང་གིས་བོད་ནང་གི་སློབ་གྲྭ་རྣམས་བཙོན་ཁང་ལྟ་བུར་མི་བསྒྱུར་བ་དང། བོད་མིའི་སྐད་ཡིག་ནག་བསུབ་གཏོང་ཆེད་སློབ་དེབ་རྣམས་རྒྱའི་སྐད་ཡིག་ཐོག་བསྒྱུར་རྒྱུའི་སྲིད་བྱུས་མཚམས་འཇོག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་རང་མི་རིགས་ཀྱི་སྐད་ཡིག་ལ་རང་དབང་ཆ་ཚང་སྤྲོད་དགོས་པར་བརྩི་བཀུར་བྱ་གལ།
དེ་འབྲེལ་རང་རེ་རང་དབང་ལུང་པའི་ནང་གནས་འཁོད་བོད་མི་རྣམས་ཀྱིས་ཀྱང་བོད་ནང་གི་སློབ་མ་ཁོང་རྣམས་མིག་དཔེར་བཟུང་སྟེ་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཞུ་སྒོར་དམིགས་བསལ་དོ་སྣང་དང་སེམས་འཁུར་ཆེར་བསྐྱེད་སྔར་བས་ལྷག་པ་དགོས་གལ་གྱི་གཞེན་སྐུལ་ཞུ་རྒྱུ།
༨༽བཀའ་སྤྱི་གཉིས་ཐུན་མོང་ངམ་སོ་སོ་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་ཀྱི་གསར་འགོད་ལྷན་ཚོགས་སམ། གསར་འགོད་གསལ་བསྒྲགས་དུས་ནས་དུས་སུ་ཡང་ཡང་གནང་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༤ ལ།
གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༤ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ཟུར་སྣོན་གྲོས་ཆོད་གཏན་འབེབས་གནང་བ།
གསར་གནས།
འབྲེལ་གནས།